ཀྲུང་གོར་ནོ་པེར་བྱ་དགའ་དང་པོ་ཐོབ་མཁན་གྱི་བུད་མེད་ཚན་རིག་མཁས་ཅན་ཐུའུ་ཡིའུ་ཡིའུ་ཡིས་རུའེ་ཏན་གྱི་ཁ་ལུའོ་ལིན་སི་ཁ་སློབ་གླིང་དུ་གཏམ་བཤད་སྤེལ་བ།
དགའ་གུས་འོས་པའི་སྐུ་ཞབས་ཀྲུའུ་ཞི་ལགས།དགའ་གུས་འོས་པའི་བྱ་དགའ་ཐོབ་མཁན་དང་།མཁྱེན་ལྡན་མ་རྣམ་པ།སྐུ་ཞབས་རྣམ་པ་བཅས་ལ།
དེ་རིང་ང་གཟི་བརྗིད་ཧ་ཅང་ཆེ་བའི་ངང་ཁ་ལུའོ་ལིན་སློབ་གླིང་དུ་གཏམ་བཤད་སྤེལ་རྒྱུ་བྱུང་།ངས་སྙན་ཞུའི་འགོ་བརྗོད་ལ《ཕུར་ནག་སུའུ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་འཛམ་བུ་གླིང་ལ་ཕུལ་བའི་ཕྱག་རྟགས་ཤིག་ཡིན》ཞེས་པ་དེ་ཡིན།
སྙན་ཞུ་མ་བྱས་གོང་ངས་དང་ཐོག་ནོ་པེར་བྱ་དགའི་དཔྱད་འདེམས་ཨུ་ལྷན་དང་།ནོ་པེར་བྱ་དགའི་ཐེབས་རྩ་ལྷན་ཚོགས་ཀྱིས་ང་ལ་2015ལོའི་སྐྱེ་ཁམས་རིག་པའམ་གསོ་རིག་གི་བྱ་དགའ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་ནི་ང་མི་སྒེར་ལ་གནང་བའི་གཟི་བརྗིད་ཁོ་ན་ཞིག་མ་ཡིན་པར་ཀྲུང་གོའི་ཚན་རིག་པའི་ཚོགས་པ་ཡོངས་ལ་གནང་བའི་བྱ་དགའ་དང་སྐུལ་ལྕག་ཅིག་ཡིན།དུས་ཐུང་ཉིན་ཤས་རིང་ང་ལ་རུའེ་ཏན་མི་དམངས་ཀྱི་སྤྲོ་སེམས་ཚོར་ཐུབ་པ་བྱུང་བས་ངས་འདིར་ལྷན་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
William C.Campbell(ཝུའེ་ལེན་མུའུ•ཁན་པའེར)དང་། SatosshiOmura(ཏ་ཚུན་ཀྲི)རྣམ་གཉིས་ཀྱིས་གནང་བའི་ངོ་མཚར་ཆེ་བའི་སྙན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ད་ལྟ་བརྗོད་པར་བྱ་བ་ནི་ལོ་ངོ་40ཡི་གོང་དུ་དཀའ་ཚེགས་ཆེ་བའི་ཁོར་ཡུག་གི་ནང་དུ་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འབད་འཐབ་ཧུར་བརྩོན་བྱས་ཏེ་ཀྲུང་ལུགས་སྨན་རྫས་ཁྲོད་ནས་འདར་ནད་འགོག་པའི་སྨན་གསར་པ་བཙལ་འཚོལ་བྱས་པའི་ལོ་རྒྱུས་ཤོད་ཀྱི་ཡིན།
ཕུར་ནག་སུའུ་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཚང་མས་གསར་འགྱུར་སྤེལ་ཚུལ་མང་པོའི་ནང་ནས་མཁྱེན་ཡོད་བཞག་རེད། དེར་བརྟེན་ངས་འདིར་ངོ་སྤྲོད་རོབ་ཙམ་ཞིག་ལས་ཞུ་ཡི་མིན།འདི་ནི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གི་འདར་འགོག་སྨན་ཞིབ་འཇུག་ཚོགས་པས་ལོ་དེའི་ལས་ཀའི་ཕྱོགས་སྡོམ་སྟབས་བདེ་ཞིག་ཡིན་པ་དང་།དེའི་ནང་ནས་རྟགས་སྔོན་པོ་བརྒྱབ་པ་དེ་དག་ང་ཚོའི་ཞིབ་འཇུག་ཁང་གི་ཚོགས་པས་ལེགས་གྲུབ་བྱས་པའི་ལས་ཀ་ཡིན་པ་དང་།རྟགས་དཀར་པོ་བརྒྱབ་པ་དེ་དག་ནི་རྒྱལ་ཡོངས་ཀྱི་མཐུན་སྦྱོར་ཚོགས་པ་གཞན་དག་གིས་ལེགས་གྲུབ་བྱས་པའི་ལས་ཀ་རེད།སྔོན་པོ་ནས་དཀར་པོར་བརྒྱུད་པའི་རྟགས་དེ་དག་ང་ཚོའི་ཞིབ་འཇུག་ཁང་དང་མཐུན་སྦྱོར་ཚན་པ་གཞན་མཉམ་དུ་ཞུགས་པའི་ལས་ཀ་ཡིན་པ་རེད།
ཀྲུང་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་ཚོགས་པས་1969ལོ་ནས་འདར་འགོག་གི་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་བྱེད་འགོ་ཚུགས།ལས་ཀ་འབོར་ཆེན་ཡང་ནས་ཡང་དུ་གདམ་གསེས་བྱས་རྗེས་1971ལོ་ནས་བཟུང་།ལས་ཀའི་གཙོ་གནད་ཀྲུང་ལུགས་སྨན་རྫས་ཕུར་ནག་ཐོག་གཅིག་བསྡུས་བྱས།སླར་ཡང་ཕམ་ཉེས་ཐེངས་མང་བྱུང་རྗེས།1971ལོའི་ཟླ་དགུ་པར་སྨན་རྫས་ཀྱི་ཉིང་བཅུད་ལེན་པའི་བྱ་ཐབས་བསྐྱར་དུ་ཇུས་བཀོད་བྱས་པ་སྟེ།དྲོད་ཚད་དམའ་པོ་སྤྱོད་པ་དང་།དབྱི་སྨི་སྦྲིད་སྨན་སྤྱད་དེ་བསྐྱར་ལོག་པའམ་གྲང་མོའི་ནང་སྦངས་པ་དང་།དེ་ཚྭ་ཁུས་སྐྱུར་བའི་རང་བཞིན་གྱི་ཁུལ་རྣམས་མེད་པ་བཟོ་བའི་བྱ་ཐབས་སྤྱད་ནས་དཔེ་དབྱིབས་བཟོས་པ་རེད།1971ལོའི་ཟླ་10པའི་ཚེས་4ཉིན།ཕུར་ནག་དབྱི་སྨི་སྙོམས་པའི་རང་བཞིན་ཡི་བཅུད་ལེན་དངོས་པོ་སྟེ་ཨང་རྟགས་191#ཡི་དཔེ་དབྱིབས་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་རེར་སྨན་ཁེ་0.1གི་ཚད་ཉིན་གསུམ་བསྟུད་མར་སྟེར་ན།ཙི་ཙིའི་འདར་ནད་ལ་སྨན་ནུས་ལེགས་པོ་ཐོན་ཏེ་ཚོད་འགོག་བྱེད་ཚད་100%ཟིན་པ་དང་།ལོ་དེའི་ཟླ་12ནས་ཕྱི་ལོའི་ཟླ་བ་དང་པོར་སྤྲེའུ་ཡི་འདར་ནད་ལ་ཚོད་ལྟར་བྱས་པར་ཡང་ཚོད་འགོག་བྱེད་ཚད་100%ཟིན་ཡོད་པ་རེད།ཕུར་ནག་དབྱི་སྨི་རང་བཞིན་སྙོམས་པའི་བཅུད་ལེན་དངོས་པོའི་འདར་འགོག་གི་སྨན་ནུས་ཚད་བརྒལ་བྱུང་བ་དེ་ནི་ཕུར་ནག་སུའུ་ཤེས་པའི་འགག་རྩ་དེ་རེད།
1972ལོའི་ཟླ་8པ་ནས་ཟླ་10པ་བར།ང་ཚོས་ཕུར་ནག་དབྱི་སྨི་རང་བཞིན་སྙོམས་པའི་བཅུད་ལེན་དངོས་པོར་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་བྱས་ཤིང་།འདར་ནད་ཚབས་ཆེན་ཕོག་མཁན་དང་ཉིན་ཆོད་འདར་ནད་ཕོག་མཁན་གྱི་ནད་དཔེ་30ཚང་མར་ནུས་པ་ཐོན་པ་རེད། ལོ་དེའི་ཟླ་11པར།གནས་དེ་ནས་ནུས་ལྡན་གྱི་རྐྱང་གཟུགས་འདྲེས་འགྱུར་རྫས་ཀྱི་ཉིང་ཁུ་ལེགས་གྲུབ་ངང་ལོག་དབྱེ་ཐུབ་པ་བྱུང་བས་ཕྱིས་སུ་དེར“ཕུར་ནག་སུའུ”ཞེས་བཏགས།
1972ལོའི་ཟླ་12པ་ནས་བཟུང་།ཕུར་ནག་སུའུ་ཡི་རྫས་འགྱུར་གྲུབ་ཆ་འཚོལ་ཞིབ་བྱེད་འགོ་ཚུགས། གཞི་རྒྱུ་དབྱེ་ཞིབ་དང་།ཀོང་ཕུའུ་ཚད་ལེན་གཏན་འབེབས།ཀྲི་ཕུའུ་དང་འཁྱིལ་འོད་དབྱེ་ཞིབ་སོགས་ལག་རྩལ་གྱི་བྱ་ཐབས་སྤྱད་དེ་འདྲེས་འགྱུར་རྫས་འདུས་རྡུལ་མཚོན་ཕྲེང་C15H22O5དང་།རྡུལ་ཕྲན་བསྡོམས་འབོར་282གཏན་འཁེལབྱུང་ནས།ཕུར་ནག་སུའུ་ནི་ཏན་རྒྱུ་མི་ལྡན་པའི་ལྡབ་ཕྱེད་ཐེ་རིགས་ཀྱི་འདྲེས་འགྱུར་རྫས་ཡིན་པ་ར་སྤྲོད་བྱུང་བ་རེད།
1973ལོའི་ཟླ་4ཚེས་27ཉིན། ཀྲུང་གོ་གསོ་རིག་ཚན་རིག་སློབ་གླིང་གི་སྨན་རྫས་ཞིབ་འཇུག་སུའོ་ཡི་དབྱེ་ཞིབ་རྫས་འགྱུར་ཁང་གིས་འདུས་རྡུལ་མཚོན་ཕྲེང་སོགས་འབྲེལ་ཡོད་གྲངས་གཞི་གོམ་གང་མདུན་སྤོས་ཀྱིས་བསྐྱར་ཞིབ་བྱས། 1974ལོ་ནས་བཟུང་།ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་སྐྱེ་ལྡན་རྫས་འགྱུར་ཞིབ་འཇུག་སུའོ་དང་སྐྱེ་དངོས་རྫས་འགྱུར་སུའོ་མཉམ་དུ་སྔ་རྗེས་སུ་ཕུར་ནག་སུའུ་གྲུབ་ཆའི་མཉམ་ལས་ཞིབ་འཇུག་ལས་དོན་བསྒྲུབས། མཐར་Xའོད་ཀྱི་སྐོར་འཕྲོ་བརྒྱུད་ཕུར་ནག་སུའུ་ཡི་གྲུབ་ཆ་གཏན་འཁེལ་བྱས། ལངས་གཟུགས་གྲུབ་ཆ་ནི་1977ལོར་ཀྲུང་གོའི《ཚན་རིག་བརྡ་ཁྱབ》ནང་འགྲེམས་སྤེལ་བྱས་པ་མ་ཟད།《རྫས་འགྱུར་རྩོམ་རིག་གནད་བསྡུས》ནང་བཀོད།
1973ལོ་ནས་བཟུང་།ཕུར་ནག་སུའུ་གྲུབ་ཆའི་ནང་གི་ནུས་པའི་གཞི་ཚོ་ཞིབ་འཇུག་བྱེད་ཆེད་བསྐྱར་འགྱུར་དངོས་པོ་བཟོས་པ་རེད། ཕུང་ཅིང་ཧོ་ན་སོར་ཆུད་ཀྱི་འགྱུར་བ་བརྒྱུད།ཕུར་ནག་སུའུ་ཡི་གྲུབ་ཆའི་ནང་ཐང་གཞི་འདུས་ཡོད་པ་ར་སྤྲོད་བྱས་ཏེ་ཆིང་གཉིས་ལྡན་གྱི་ཕུར་ནག་སུའུ་གསར་སྤེལ་བྱས། གྲུབ་ནུས་ཀྱི་འབྲེལ་བའི་ཞིབ་འཇུག་བརྒྱུད། ཕུར་ནག་སུའུ་གྲུབ་ཆའི་ནང་གི་དབྱང་འདས་གཞི་ཚོ་ནི་འདར་འགོག་གི་ཤུགས་ཆེ་བའི་གཞི་ཚོ་ཞིག་ཡིན་པ་དང་།ཆིང་གཉིས་ལྡན་གྱི་ཕུར་ནག་སུའུ་ཡི་ཆང་ཅི་བསྐྱར་འགྱུར་དངོས་པོ་ཁག་གཅིག་གི་་ཙི་ཙིའི་འདར་ནད་ཀྱི་ནུས་པའང་མཐོ་རུ་སོང་ཡོད་པ་རེད།
འདིར་བཀྲམས་པ་ནི་ཕུར་ནག་སུའུ་དང་དེའི་བསྐྱར་འགྱུར་དངོས་པོ་ཆིང་གཉིས་ལྡན་གྱི་ཕུར་ནག་སུའུ་དང་།ཕུར་ནག་ཅ་སྨི།ཕུར་ནག་ཧུའུ་ཀྲི། ཕུར་ནག་དབྱི་སྨི་བཅས་ཀྱི་འདུས་རྡུལ་གྲུབ་ཚུལ་ཡིན་པ་རེད། འདུས་རྡུལ་གྲུབ་ཚུལ་དེ་རིགས་ཕུད། གྲུབ་ཚུལ་གཞན་དག་གི་ཕུར་ནག་སུའུ་ཡི་བསྐྱར་འགྱུར་དངོས་པོའི་ནད་ཐོག་སྨན་བཅོས་ཀྱི་གནས་ཚུལ་ད་བར་སྤེལ་མྱོང་མེད་པ་རེད།
1986ལོར།ཕུར་ནག་སུའུ་ལ་འཕྲོད་བསྟེན་པུའུ་སྨན་གསར་ལག་ཁྱེར་རག་པ་དང་། 1992ལོར་སླར་ཡང་ཆིང་གཉིས་ལྡན་གྱི་ཕུར་ནག་སུའུ་སྨན་གསར་ལག་ཁྱེར་རག་པ་རེད། སྨན་དེའི་ནད་ཐོག་སྨན་བཅོས་ཀྱི་ནུས་པ་ཕུར་ནག་སུའུ་ལས་ལྡབ་10མཐོ་བ་ཡོད་པ་དེ་ལས་ཕུར་ནག་སུའུ་རིགས་ཀྱི་སྨན་རྫས་ལ“ནུས་ཆེ།ནུས་མྱུར། དུག་ཉུང་།”བཅས་ཀྱི་ཁྱད་ཆོས་དེ་བས་མངོན་ཐུབ་པ་བྱུང་བ་རེད།
1981ལོར།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་།འཛམ་གླིང་དངུལ་ཁང་།མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་བཅས་ཀྱིས་པེ་ཅིང་དུ་མཉམ་འབྲེལ་ཐོག་འདར་ནད་རྫས་འགྱུར་སྨན་བཅོས་ཀྱི་ཚན་རིག་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་།འབྲེལ་ཡོད་ཕུར་ནག་སུའུ་དང་དེའི་ནད་ཐོག་གི་སྙན་ཞུ་རབ་དང་རིམ་པར་ཚོགས་འདུའི་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།ངའི་སྙན་ཞུ་ནི《ཕུར་ནག་སུའུ་ཡི་རྫས་འགྱུར་ཞིབ་འཇུག》ཅེས་པ་དེ་ཡིན། དུས་རབས་20ཡི་ལོ་རབས་80པའི་ནང་།ཀྲུང་གོའི་འདར་ནད་ཕོག་མཁན་སྟོང་ཕྲག་ཁ་ཤས་ལ་ཕུར་ནག་སུའུ་དང་དེའི་བསྐྱར་འགྱུར་དངོས་པོའི་ནུས་ལྡན་གྱི་སྨན་བཅོས་ཐོབ་ཡོད།
ངོ་སྤྲོད་དུམ་བུ་དེ་ཉན་རྗེས།ཚང་མས་དེ་ནི་སྤྱིར་བཏང་གི་རྩྭ་སྨན་ཞིག་ཤེས་རྟོགས་བྱས་པའི་བརྒྱུད་རིམ་ཙམ་ཞིག་ཡིན་པ་སོམས་སྲིད། དོན་དངོས་ཐོག་དེའི་སྐབས་ཀྲུང་གོར་ལོ་ཉིས་སྟོང་ལྷག་ཙམ་སྔར་བཞིན་བེད་སྤྱོད་པའི་ལོ་རྒྱུས་ལྡན་པའི་ཀྲུང་ལུགས་སྨན་རྫས་ཀྱི་ཕུར་ནག་ནང་ནས་ཕུར་ནག་སུའུ་བསྔོག་ཐུབ་པའི་ལོ་རྒྱུས་ལམ་ཚད་ནི་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་རེད།
1969ལོར།ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་སུའོ་ཡིས“523”འདར་ནད་འགོག་རྒོལ་བྱེད་པའི་ཞིབ་འཇུག་རྣམ་གྲངས་ནང་ཞུགས། ཚན་རིག་ཁང་གི་འགོ་ཁྲིད་ཀྱི་ཞིབ་འཇུག་བྱས་ཏེ་གཏན་འབེབས་བྱས་དོན། ང“523”རྣམ་གྲངས་ཀྱི་ཞིབ་འཇུག་བྱ་གཞི་ཚོགས་པ་འཛུགས་པ་དང་འགན་འཁུར་རྒྱུ་དང་།འདར་ནད་ཀྱི་ཀྲུང་ལུགས་སྨན་རྫས་ཞིབ་བཟོའི་སྒྲུབ་འགན་འཁུར་རྒྱུ་བཀའ་ཕབ།རྣམ་གྲངས་དེ་སྐབས་དེ་དུས་གསང་བའི་གཙོ་གནད་དམག་དོན་བཟོ་ལས་རྣམ་གྲངས་ཁོངས་སུ་གཏོགས་ཡོད་པ་རེད།གཞོན་སྐྱེས་ཚན་ཞིབ་པ་ཞིག་གི་ངོས་ནས་འགན་འཁྲི་ལྕི་པོ་དེ་ལྟ་བུ་ཞིག་དང་ལེན་བྱེད་པའི་གོ་སྐབས་རག་པར་རྒྱལ་ཁབ་ཀྱིས་ང་ལ་ཡིད་ཆེས་གནང་བའི་མྱོང་བ་ཚོར་བྱུང་ལ།འགན་འཁྲི་ཧ་ཅང་ལྕི་བ་དང་།ལས་འགན་དཀའ་ཚེགས་ཆེ་བའི་མྱོང་བ་ཟབ་མོ་བྱུང་།ངས་རང་འཁུར་ལས་འགན་ལ་ངོ་མི་གནོང་བར་འབད་པ་ལྷུར་ལེན་གྱིས་རང་ནུས་ཡོད་རྒུས་ལས་འགན་བསྒྲུབ་རྒྱུའི་དམ་བཅའ་བཞག འདི་ནི་ང་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་སུའོ་ལ་སླེབས་མ་ཐག་པའི་སྐབས་ཀྱི་པར་ཡིན་པ་དང་།ངའི་གཡོན་ངོས་སུ་ཡོད་པ་ནི་སྐད་གྲགས་ཅན་གྱི་སྨན་རྫས་རིག་པ་མཁས་ཅན་ལོའུ་ཀྲི་ཆིན་ཡིན་ཞིང་།ཁོང་གིས་ང་ལ་སྨན་རྒྱུ་དབྱེ་བ་འབྱེད་སྟངས་སློབ་བཞིན་ཡོད།1959ལོ་ནས་1962ལོ་བར།ངས་ཕྱི་ལུགས་གསོ་རིག་གིས་ཀྲུང་ལུགས་གསོ་རིག་སྦྱོང་བའི་འཛིན་གྲྭར་ཞུགས་ཏེ།ཀྲུང་ལུགས་གསོ་རིག་གི་ཤེས་བྱ་ཆ་ཚང་བ་སྦྱངས།རྫས་འགྱུར་མཁས་པ་ལུའུ་ཡི.ཕ་སི་ཐེས“གོ་སྐབས་ཀྱིས་གྲ་སྒྲིག་ཡོད་མཁན་ལ་བྱམས་ཀྱིས་སྐྱོང”ཞེས་གསུངས་མྱོང་ཡོད།གནའ་བོའི་གཏམ་དཔེར་འདས་པ་མཐའ་དག་སྔོན་འགྲོའི་རོལ་མོ་ཙམ་ཞེས་གསུངས་ཡོད་པས།སྔོན་འགྲོའི་རོལ་མོ་ནི་གྲ་སྒྲིག་ཅིག་ཡིན།འདར་འགོག་རྣམ་གྲངས་ཀྱིས་ངར་གོ་སྐབས་སྤྲད་དུས།ནུབ་གླིང་རིག་པའི་སྔོན་འགྲོའི་རོལ་མོས་ང་ཕུར་ནག་སུའུ་ཞིབ་འཇུག་བྱེད་པའི་གྲ་སྒྲིག་ཨང་བསར་བྱས་ཟིན་འདུག
ལས་འགན་དང་དུ་བླངས་རྗེས།ངས་དུས་རབས་རིམ་བྱུང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བསྟན་བཅོས་རྣམས་བསྡུ་གསོག་དང་ལེགས་སྒྲིག་བྱས་རྗེས།ཀྲུང་ལུགས་གསོ་རིག་རྒན་གྲས་ཚོར་བཅར་འདྲི་བྱེད་པ་དང་།ཁོང་ཚོས་འདར་ནད་འགོག་བཅོས་ཐད་སྤྱད་པའི་སྨན་སྦྱོར་དང་ཀྲུང་ལུགས་སྨན་རྫས་བསྡུ་རུབ་བྱེད་པ་དང་དུས་མཚུངས།དམངས་ཁྲོད་ཀྱི་སྨན་འཛིན་འབོར་ཆེན་ཞིག་ལྟ་ཀློག་བྱས།རྩི་ཤིང་དང་།སྲོག་ཆགས།གཏེར་དངོས་སོགས་ཚུད་པའི་བཟའ་བ་དང་ཕྱིར་སྤྱོད་པའི་སྨན་འཛིན་2000ལྷག་ཙམ་བསྡུ་རུབ་ཐུབ་པའི་རྨང་གཞིའི་ཐོག་ཀྲུང་ལུགས་སྨན་རྫས་640ལྷག་ཙམ་གཙོ་བོར་བྱས་པའིP165《འདར་ནད་རྐྱང་པའི་གསང་བ་གོ་ཆོད་བཅོས་ཐབས་ཕྱོགས་སྒྲིག》རྩོམ་འབྲི་བྱས།ཆ་འཕྲིན་དེ་དག་བསྡུ་རུབ་བྱས་པ་དང་འགྲེལ་བཤད་བརྒྱབ་པ་ལས་ཕུར་ནག་སུའུ་ཤེས་རྟོགས་བྱེད་པའི་རྨང་གཞི་བརྟན་པོ་བཏིང་བ་མ་ཟད།ཀྲུང་ལུགས་སྨན་རྫས་ཀྱི་སྨན་གསར་ཞིབ་འཇུག་བྱེད་པར་སྤྱིར་བཏང་གི་རྩི་ཤིང་ཞིབ་འཇུག་དང་ཁྱད་པར་འབྱེད་ས་དེ་ཡང་ཡིན།
ལོ་དེར་ང་ཞིབ་འཇུག་བྱེད་པའི་ཐད་དཀའ་ངལ་འཕྲད་སྐབས།ཀྲུང་ལུགས་གསོ་རིག་གི་གནའ་དཔེ་བསྐྱར་དུ་སློབ་སྦྱོང་བྱེད་པ་དང་།ན་ལ་རབས་ཤར་མའི(སྤྱི་ལོའི་དུས་རབས་4-5བར)ཀེ་ཧུང་གི《གྲུ་ཚིགས་ཀྱི་རྗེས་གྲབས་འཕྲལ་སྡོམ་སྨན་ཐོའི》ནང“ཆུ་ཧྲེང་གཉིས་ནང་ཕུར་ནག་ཆག་པ་གཅིག་བླུགས་ནས་སྦངས་རྗེས།ཞིབ་མོར་བསྲུབས་པའི་ཁུ་བ་བླངས་ཏེ་ཚང་མ་འཐུང་དགོས”ཞེས་པའི་འབྲེལ་ཡོད་འདར་ནད་སྐོར་བཀོད་པ་ལས་བཅུད་ལེན་པའི་བརྒྱུད་རིམ་ནང་དྲོད་མཐོ་དྲགས་རྒྱུ་མེད་པ་བསམ་བློ་འཁོར་བར་བརྟེན་འཁོལ་ཚེག་དམའ་བའི་བཞུ་བྱེད་སྤྱོད་པའི་ལེན་ཐབས་སྤྱད་པ་ཡིན།
ཕུར་ནག་སྨན་རྒྱུར་བཀོལ་བའི་སྐོར་མ་ཝང་ཏུའེ་ཡི་ཧན་གྱི་དུར་ས་གསུམ་པའི་དར་བྲིས་དཔེ་ཆ《ནད་ཀྱི་སྨན་སྦྱོར་ང་གཉིས་པ》ཞེས་པའི་ནང་ཐོག་མར་མཐོང་བ་དང་།ཕྱིས་ཀྱི《ཞིང་པ་རྒད་པོའི་རྩྭ་སྨན་བསྟན་བཅོས》དང་།《ཐོག་ལྷ་སྦྱོར་སྡེའི་གསལ་བཤད་མདོར་བསྡུས་ལྷན་ཐབས》 《སྔོ་སྨན་རྩ་འགྲེལ》སོགས་བསྟན་བཅོས་ནང་ཕུར་ནག་སུའུ་ཡིས་ནད་བཅོས་བྱེད་ཐུབ་པའི་སྐོར་བཀོད་ཡོད།མ་གཞི་གནའ་དཔེ་མང་པོ་ཡོད་ནའང་ཚང་མའི་ནང་ཕུར་ནག་གི་རྩི་ཤིང་གི་དབྱེ་བ་དང་རིགས་ཁ་གསལ་པོ་མེད།དེ་དུས་ཕུར་ནག་ཐོན་ཁུངས་ཀྱི་རིགས་རྙོག་དྲ་ཚ་པོ་ཡོད་ཅིང་།སྨན་གཞུང་ནང་རིགས་གཉིས་བཀོད་ཡོད་པ་དང་།སྣ་ཁ་འདྲེས་པའི་རིགས་གཞན་དག་4ཡང་བེད་སྤྱོད་གཏོང་གི་ཡོད།ཕྱིས་སུ་ཞིབ་འཇུག་ཟབ་མོ་བྱས་པ་བརྒྱུད།ArtemisiaannuaLཁོ་ནར་ཕུར་ནག་སུའུ་འདུས་ཡོད་པ་དང་འདར་ནད་འགོག་ཐུབ་པ་ཤེས།དེ་ལྟར་ཕྱི་རོལ་ནས་བལྟས་ན་ཕུར་ནག་སུའུ་ཤེས་རྟོགས་བྱེད་པའི་དཀའ་ལས་ཆེ་རུ་ཕྱིན། དེའི་ཁར་ཕུར་ནག་སུའུ་མ་བཅོས་རྩི་ཤིང་ནང་འདུས་ཚད་མང་པོ་མེད་པ་མ་ཟད།ད་དུང་སྨན་དུ་སྤྱོད་པའི་ཆ་ཤས་དང་།ཐོན་ས།འཐུ་བསྡུའི་དུས་ཚིགས།སྨར་འགྱུར་བཟོ་རྩལ་གྱི་ཤུགས་རྐྱེན་བཅས་ཡོད་པས།ཕུར་ནག་དབྱི་སྨི་རང་བཞིན་སྙོམས་པའི་བཅུད་ལེན་དངོས་པོ་ལེགས་གྲུབ་བྱེད་ཚད་དངོས་འབྲེལ་དཀའ་ལས་ཁག་པ་ཞིག་རེད། ཀྲུང་གོའི་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ནི་ཕུན་སུམ་ཚོགས་པའི་ནོར་མཛོད་ཅིག་ཡིན་པས་ང་ཚོས་བསམ་བློ་མང་ཙམ་གཏོང་བ་དང་།བསྔོག་འདོན་བྱེད་དགོས།
ལོ་རབས་70ཡི་ཀྲུང་གོའི་ཚན་ཞིབ་ཆ་རྐྱེན་ཅུང་ཞན་པས་འདང་ངེས་ཀྱི་ཕུར་ནག་གི་ནུས་ལྡན་ཆ་ཤས་ནད་ཐོག་སྨན་བཅོས་བྱ་རྒྱུར་མཁོ་འདོན་བྱ་ཆེད།ང་ཚོས་ཆུ་སྣོད་བཅུད་ལེན་སྣོད་ཆས་སུ་བྱས་པ་ཡིན། རླུང་འགྲོའི་ཡོ་ཆས་མེད་པ་དང་། སྐྱེ་ལྡན་ཞུ་བྱེད་རྫས་མང་པོ་དང་འབྲེལ་འདྲིས་བྱེད་དགོས་སྟབས། ཚན་ཞིབ་མི་སྣ་ཁག་གཅིག་གི་གཟུགས་གཞི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།ནད་ཐོག་སྨན་བཅོས་མྱུར་དུ་བྱེད་ཐུབ་ཆེད།སྲོག་ཆགས་ཀྱི་བདེ་འཇགས་རང་བཞིན་གྱི་གདེང་འཇོག་རྨང་གཞིའི་ཐོག་ང་དང་ཚན་ཞིབ་ཚོགས་པའི་ཁོངས་མིས་གོ་ཆོད་པའི་གནས་ཀྱི་བཅུད་ལེན་དངོས་པོ་ཚོད་ལྟར་བཟས་ཏེ་ནད་ཐོག་ནད་པའི་བདེ་འཇགས་འགན་ལེན་བྱས་པ་ཡིན།ཕུར་ནག་སུའུ་ཡི་རིལ་བུ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ནུས་པ་ཡག་པོ་མི་ཐོན་པའི་སྐབས།མུ་མཐུད་འབད་འབུངས་མཐའ་འཁྱོངས་བྱས་པ་དང་རྒྱུ་རྐྱེན་འཚོལ་ཞིབ་གཏིང་ཟབ་བྱས་པ་བརྒྱུད།མཐར་ཐོར་བྱེད་ཚད་ཀྱི་གནད་དོན་ཡིན་པ་གསལ་པོ་ཤེས།ཕུར་ནག་སུའུ་རྐྱང་གཟུགས་ཀྱི་སྤྱིན་ཤུབས་སྤྱད་རྒྱུར་བསྒྱུར་རྗེས།ཕུར་ནག་སུའུ་ཡི་འདར་འགོག་སྨན་ནུས་དུས་ཐོག་ཏུ་ར་སྤྲོད་བྱས།
1972ལོའི་ཟླ་3ཚེས་8ཉིན།རྒྱལ་ཡོངས་ཀྱི“523”གཞུང་ལས་ཁང་གིས་ནན་ཅིང་དུ་འདར་འགོག་སྨན་རྫས་ཀྱི་ཆེད་ལས་ཚོགས་འདུ་འཚོགས་པ་དང་། ངས་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་སུའོ་ཡི་ཚབ་བྱས་ནས་ཚོགས་འདུའི་ཐོག་ཕུར་ནག་191*ཡི་བཅུད་ལེན་དངོས་པོས་ཙི་ཙིའི་འདར་ནད་དང་སྤྲེའུའི་འདར་ནད་ཀྱི་འབྲས་བུ་སྙན་ཞུ་བྱས་པར་ཚོགས་འདུའི་ཐོག་དོ་སྣང་ཆེན་པོ་བྱུང་སོང་། ལོ་དེའི་ཟླ་11ཚེས་17ཉིན། པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་ཚོགས་འདུའི་ཐོག་ངས་ནད་དཔེ་30ཚང་མར་ནུས་པ་ཐོན་པའི་འབྲས་བུའི་སྙན་ཞུ་སྤེལ་བར་བརྟེན།ཕུར་ནག་གིས་འདར་ནད་འགོག་པའི་ཞིབ་འཇུག་གི་རྒྱལ་ཡོངས་ཀྱི་མཉམ་ལས་ཆེན་པོ་འགོ་བཙུགས།
དེ་རིང་།ངས་སླར་ཡང་དེའི་སྐབས“523”འདར་འགོག་ཞིབ་འཇུག་བྱེད་མྱོང་བའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གི་ཚོགས་པའི་ཁོངས་མི་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཁོང་ཚོས་ཕུར་ནག་སུའུ་ལ་ཞིབ་འཇུག་དང་།ཤེས་རྟོགས།བེད་སྤྱོད་བཅས་བྱེད་རིང་ཧུར་བརྩོན་ངང་ཞུགས་པ་དང་།ལེགས་སྐྱེས་འབུར་དུ་ཐོན་པ་ཕུལ་བར་བློ་ལ་བརྟན་པོར་ངེས་ཡོད།ཧྲན་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་རྫས་ཞིབ་འཇུག་སུའོ་དང་།ཡུན་ནན་ཞིང་ཆེན་སྨན་རྫས་ཞིབ་འཇུག་སུའོ།ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་དངོས་ཁམས་སུའོ།ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་སྐྱེ་ལྡན་སུའོ།ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་བཅས་དང་དེ་བཞིན་དམག་དོན་གསོ་རིག་ཚན་རིག་ཁང་སོགས་ཚུད་པའི་རྒྱལ་ཡོངས་ཀྱི“523”རྣམ་གྲངས་ཀྱི་ཚན་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མཉམ་ལས་ཚན་པའི་ལས་རོགས་ལྷན་རྒྱས་ལ་ཕྱོགས་མང་ཐད་ནས་གྲུབ་འབྲས་ཐོབ་པ་དང་།དེ་བཞིན་འདར་ནད་ཕོག་མཁན་ལ་ཟོལ་མེད་ཞབས་འདེགས་ཐོབ་པར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཡོངས་ཀྱི“523”གཞུང་ལས་ཁང་གིས་འདར་འགོག་རྣམ་གྲངས་སྒྲིག་འཛུགས་ཁྲོད་འབད་འབུངས་ལྷོད་མེད་བྱས་པར་ལྷག་བསམ་ཟོལ་མེད་ངང་གུས་བཏུད་ཞུ་རྒྱུ་ཡིན།ཚང་མར་སྒེར་སེམས་མེད་པར་རོགས་ལས་བྱེད་པའི་ཚོགས་པའི་སྙིང་སྟོབས་དེ་མེད་ཚེ་ང་ཚོས་དུས་ཐུང་ནང་ཕུར་ནག་སུའུ་འཛམ་བུ་གླིང་ལ་སྐྱེས་སུ་འབུལ་ཐུབ་མི་སྲིད།
WHOཡི་སྤྱི་ཁྱབ་ཀན་ཧྲི་ཁྲེན་ཧྥུང་ཧྥུའུ་ཀྲེན་གྱིས་འདར་ནད་ཚོད་འཛིན་བྱེད་པའི་སྐོར་གླེང་སྐབས།འདར་ནད་ཀྱི་ནད་དཔེ་ཉུང་དུ་གཏོང་བ་དང་འཆི་བའི་ཐད།གོ་ལ་ཧྲིལ་པོར་ཐོབ་བཞིན་པའི་གྲུབ་འབྲས་ཀྱིས་ང་ཚོར་བག་ཆགས་ཟབ་མོ་བཞག་ཡོད།མ་གཞི་དེ་ལྟར་མིན་མོད། བསྡོམས་རྩིས་ལ་གཞིགས་ན། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་97གྱི་མི་འབོར་དུང་ཕྱུར་33སྔར་བཞིན་འདར་ནད་ཀྱི་འཇིགས་སྐུལ་ཕོག་བཞིན་ཡོད་པ་དེའི་ནང་མི་དུང་ཕྱུར་12ཉེན་ཁ་ཆེ་བའི་ས་ཁོངས་སུ་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ས་ཁོངས་དེ་རིགས་ཀྱི་ནད་ཕོག་ཚད་1/1000ལས་མཐོ་བ་ཡོད་སྲིད། བསྡོམས་རྩིས་གྲངས་གཞི་ལས་མངོན་པར།2013ལོར་གོ་ལ་ཧྲིལ་པོར་འདར་ནད་ཕོག་མཁན་མི་གྲངས་ཁྲི་19800ཙམ་ཡོད་པ་དང་། འདར་ནད་ཕོག་པ་ལས་ཤི་ཚད་མི་གྲངས་ཁྲི་58ཙམ་ཟིན་པ་དེའི་ནང་78%ནི་ལོ་5མན་གྱི་བྱིས་པ་ཡིན་པ་དང་། འདར་ནད་ཕོག་ནས་ཤི་མཁན་90%ནི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ཧྥེ་གླིང་ལ་ཡིན་པ་རེད། ཧྥེ་གླིང་གི་འདར་ནད་ཕོག་མཁན་70%ཡིས་ཕུར་ནག་སུའུ་ཡི་མང་སྦྱོར་སྨན་རྫས་སྤྱད་ནས་སྨན་བཅོས(Artemisinin-based CombinationTherapies,ACTs)བྱས་མོད།འོན་ཏེ་ACTsཡི་སྨན་བཅོས་མ་རག་པའི་འདར་ནད་ཕོག་མཁན་བྱིས་པ་སྔར་བཞིན་མི་གྲངས་ཁྲི་5600ནས་6900བར་ཡོད་པ་རེད་ཅེས་གདེང་འཇོག་བྱས་ཡོད།
ཁམ་བུ་ཀྲེ་དང་།ལོ་སི། འབར་མ།ཐེ་ལན། ཝེ་ཐེ་ནམ་བཅས་ཚུད་པའི་མའེ་ཀུང་གཙང་པོ་ཆེན་པོ་ས་ཁུལ་དུ་ཚབས་ཆེ་བའི་འདར་ནད་གདོད་འབུས་ཕུར་ནག་སུའུ་ལ་སྨན་འགོག་ནུས་པ་ཐོན་ཟིན། ཁམ་བུ་ཀྲེ་དང་ཐེ་ལན་མཐའ་མཚམས་ཀྱི་ས་ཁུལ་མང་པོར་ཚབས་ཆེ་བའི་འདར་འགོག་སྨན་མང་ཆེ་བར་སྨན་འགོག་གི་ནུས་པ་ཐོན་ཟིན།དེ་རིང་གི་སྙན་ཞུའི་ཕུར་ནག་སུའུ་ཡི་སྨན་འགོག་གི་ནུས་པའི་ཁྱབ་ཚུལ་དཔེ་རིས་ལ་གཟིགས་དང་།དམར་པོ་དང་ནག་པོས་ཁུལ་དེའི་ཚབས་ཆེའི་འདར་ནད་གདོད་འབུར་སྨན་འགོག་ནུས་པ་ཐོན་པ་མཚོན་པ་དེ་ཐོག་ནས་མའེ་ཀུང་གཙང་པོ་ཆེན་པོ་རྒྱུག་ཁུལ་དུ་སྨན་འགོག་རང་བཞིན་ཐོན་པ་མ་ཟད།ཧྥེ་གླིང་གི་ས་ཁུལ་ཉུང་ཤས་ཁག་གཅིག་ལའང་སྨན་འགོག་རང་བཞིན་ཐོན་ཡོད།གནས་ཚུལ་དེ་རིགས་ཚང་མ་ཉེན་བརྡ་ཚབས་ཆེན་ཞིག་ཡིན་པ་རེད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2011ལོར་ཕུར་ནག་སུའུ་ཡི་སྨན་འགོག་ནུས་པ་བཀག་འགོག་བྱ་རྒྱུའི་གོ་ལ་ཧྲིལ་པོའི་འཆར་གཞི་ཁྱབ་གདལ་བཏང་ཡོད། འཆར་གཞི་འདོན་པའི་དམིགས་ཡུལ་ནི་ACTsཡིས་འདར་ནད་ཚབས་ཆེན་རིགས་ཀྱི་ནུས་ལྡན་རང་བཞིན་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པ་རེད། ཕུར་ནག་སུའུ་ཡི་སྨན་འགོག་ནུས་པ་དེ་མའེ་ཀུང་གཙང་པོ་ཆེན་པོ་རྒྱུག་ཁུལ་དུ་ར་སྤྲོད་བྱུང་བར་གཞིགས་ཏེ།མཆེད་པའི་མི་མངོན་པའི་འཇིགས་སྐུལ་ཡང་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། འཆར་གཞི་དེའི་ནང་ཞུགས་པའི་རིགས་གཅིག་མཁས་ཅན་100ལྷག་ཙམ་གྱིས་ཕུར་ནག་སུའུ་ཡི་སྨན་འགོག་ནུས་པ་འགོ་ཤུགས་ཆེ་བའི་ས་ཁུལ་དུ་མ་ཁྱབ་གོང་། སྨན་འགོག་རང་བཞིན་བཀག་འགོག་དང་ཚོད་འཛིན་བྱེད་པའི་གོ་སྐབས་དོན་དངོས་ཐོག་ཚད་ཡོད་པ་ཞིག་ཡིན་པ་དང་།ཕུར་ནག་སུའུ་ཡི་སྨན་འགོག་རང་བཞིན་བཀག་འགོག་བྱེད་པའི་ལས་འགན་ཁ་ཚ་དགོས་གཏུགས་ཤིག་རེད། ACTsཡི་འདར་ནད་ཚབས་ཆེན་རིགས་ཀྱི་གོ་ཆོད་ནུས་པ་སྲུང་སྐྱོབ་བྱེད་ཆེད། གོ་ལ་ཧྲིལ་པོའི་འདར་འགོག་ལས་དོན་པས་ཕུར་ནག་སུའུ་ཡི་སྨན་འགོག་ནུས་པ་ཚོད་འཛིན་བྱེད་པའི་WHOཡི་གོ་ལ་ཧྲིལ་པོའི་འཆར་གཞི་ལག་བསྟར་ནན་ཏན་བྱ་རྒྱུའི་རེ་བ་ཟོལ་མེད་ངང་འདོན་རྒྱུ་ཡིན།
གཏམ་བཤད་མཇུག་མ་འགྲིལ་གོང་།ང་སླར་ཡང་ཀྲུང་ལུགས་གསོ་རིག་སྨན་རྫས་སྐོར་རོབ་ཙམ་གླེང་རྒྱུ་ཡིན།“ཀྲུང་གོའི་གསོ་བ་རིག་པ་ནི་རླབས་ཆེན་གྱི་ནོར་མཛོད་ཅིག་ཡིན་པས་ངེས་པར་དུ་སྔོག་འདོན་ཧུར་ཐག་བྱེད་པ་དང་མཐོར་འདེགས་གཏོང་དགོས” ཕུར་ནག་སུའུ་ནི་ནོར་མཛོད་དེའི་ནང་ནས་སྔོག་འདོན་བྱས་པ་ཞིག་རེད།འདར་འགོག་སྨན་ཕུར་ནག་སུའུ་ཡི་ཞིབ་འཇུག་ཉམས་མྱོང་ལ་གཞིགས་ཏེ།ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ཀར་དགེ་མཚན་ལྡན་ཡོད་པ་མ་ཟད། ནུས་ལྡན་ངང་ཟུང་འབྲེལ་བྱས་ཏེ་ལེགས་ཆ་གསབ་རེས་བྱ་རྒྱུ་དེ་ནི་གསར་སྤེལ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་མདུན་ལམ་ཆེས་ཆེར་ལྡན་ཡོད་པ་ཞིག་རེད། རང་བྱུང་ཁམས་ཀྱིས་རྩི་ཤིང་གི་ཐོན་ཁུངས་འབོར་ཆེན་མཁོ་འདོན་བྱས་ཡོད་པས་གསོ་རིག་ཞིབ་འཇུག་པས་དེའི་ཁྲོད་ནས་སྨན་གསར་གསར་སྤེལ་བྱེད་དགོས། ཀྲུང་ལུགས་གསོ་རིག་ལོ་མང་རིང་གི་འཕེལ་རྒྱས་ཁྲོད།ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་འབོར་ཆེན་བསགས་ཡོད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་སྨན་སྤྱོད་རིན་ཐང་ལེགས་སྒྲིག་ཕྱོགས་བསྡུས་བྱས་ཡོད་པས་རྒྱུན་འཛིན་དར་སྤེལ་དང་། སྔོག་འདོན་མཐོར་འདེགས་བྱས་ཚེ་ཤེས་རྟོགས་དང་གསར་གཏོད་འབྱུང་ངེས་ཡིན་པ་དང་། དེའི་ནང་ནས་མིའི་རིགས་ལ་བདེ་སྐྱིད་འབྱུང་སྲིད།
མཇུག་ཏུ།ངས་ལྷན་རྒྱས་དང་མཉམ་དུ་རང་རྒྱལ་གྱི་ཐང་རྒྱལ་རབས་ཀྱི་གྲགས་ཅན་སྙན་ངག་པ་ཝང་ཀྲི་ཧོན་གྱིས་བྲིས་གནང་བའི་གྲགས་ཅན་སྙན་ངག《ཀོན་ཆོས་ཐོག་ཁང་དུ་འཛེགས་པ》ཞེས་པ་མཉམ་སྤྱོད་བྱ་རྒྱུ་སྟེ“རྟ་བདུན་དབང་པོ་ནུབ་རིའི་འདབས་སུ་ག་ལེར་བསྙེས། རྨ་ཆུ་ཤར་རེར་རྒྱུག་ཏེ་རྒྱ་མཚོའི་ནང་དུ་འབབ། སྐུ་ཉིད་དེ་ལས་མཛེས་པའི་ཡུལ་ལྗོངས་གཟིགས་འདོད་ན། དེ་བས་མཐོ་བའི་ཐོག་རྩེག་འཛེགས་ནས་གཟིགས་གལ་ཆེ ”ཞེས་པ་དེ་ཡིན་ཞིང་།ལྷན་རྒྱས་གོ་སྐབས་བྱུང་ཚེ།དེ་བས་འབད་འབུངས་ལྷུར་ལེན་དང་དེ་བས་མཐོ་བའི་ཐོག་རྩེག་འཛེགས་ཏེ།ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་ནང་འདུས་པའི་ནོར་མཛོད་ཤེས་རྟོགས་བྱེད་དགོས།
ཕུར་ནག་སུའུ་ཤེས་རྟོགས་དང་།ཞིབ་འཇུག བེད་སྤྱོད་བཅས་བྱེད་རིང་ལེགས་སྐྱེས་འབུལ་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་ལས་རོགས་ཡོད་དོ་ཅོག་དང་།ལས་གནས་གཅིག་པ། དགའ་ཉེ་བཅས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ནང་མི་ལྷན་རྒྱས་ཀྱིས་སྔ་ཕྱི་བར་གསུམ་དུ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཚོགས་འདུར་ཞུགས་མཁན་བློ་མཐུན་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷན་རྒྱས་ཐུགས་རྗེ་ཆེ།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣