དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་ཕག་པ་གསོ་ཚགས་རྟེན་གཞིའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-26

    བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་རི་འདབས་ཀྱི་ཕག་པ་གསོ་ཚགས་རྟེན་གཞིར་སྐྱོད་སྐབས། གཙང་ལ་གྲལ་སྟར་སྒྲིག་པའི་ཕག་ཚང་ནང་ཤ་ཤེད་རྒྱས་པའི་ཕག་མོ་དང་ཕག་ཕྲུག་མཐོང་དུས་བཅར་འདྲི་ཚོགས་ཆུང་གི་གསར་འགོད་པའང་དགའ་བའི་འཛུམ་གདངས་རྒྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་ཞིབ་བཤེར་ཆོག་མཆན་ཐོབ་པའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་དེ་བཞད་མཐོང་སྨོན་རྫོང་ལ་གཤམ་སྤྲོད་བྱས་ཤིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་340.72གཏོང་རྩིས་ཡོད་པ་རེད། རྣམ་གྲངས་དབུལ་སྐྱོར་གྱི་ཁྱབ་རྒྱ་སྔར་བས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད། བཞད་མཐོང་སྨོན་རྫོང་གིས་མཐོང་སྨོན་ཤང་དུ་ཕག་པ་གསོ་ཚགས་རྟེན་གཞི་གཅིག་འཛུགས་རྒྱུའི་གཏན་འཁེལ་བྱས་པ་དང་དེར“མཉམ་ལས་ཁང་+འཇོན་ཐང་ཅན་+དུད་ཚང་དབུལ་པོ”བཅས་ཀྱི་བྱེད་སྟངས་སྤྱོད་རྒྱུ་དང་རྫོང་རིམ་པའི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་640གཏོང་རྩིས་ཡོད་པ་རེད།

    རྫོང་གིས་གསོ་ཚགས་རྟེན་གཞི་འཛུགས་རྒྱུའི་གནས་ཚུལ་གོ་ཐོས་བྱུང་རྗེས། ཕག་པ་གསོ་ཚགས་བྱས་ནས་ལོ་10ཙམ་སོང་བའི་བཀྲ་དོན་དགའ་ཚོར་ཆེན་པོ་སྐྱེས། “ད་གོ་སྐབས་ཐོབ་སོང་། རྣམ་གྲངས་ཆེན་པོ་དེ་འདྲས་མི་སེར་ལ་ཕན་པ་ཆེན་པོ་ཐོབ་སྲིད”བཀྲ་དོན་གྱིས་འཕྲལ་མར་རྫོང་དབུལ་སྐྱོར་གཞུང་ལས་ཁང་ལ་གསོ་ཚགས་རྟེན་གཞིའི་ལག་རྩལ་མཛུབ་ཁྲིད་པ་བྱ་རྒྱུའི་རེ་འདུན་ཞུས།

    བཀྲ་དོན་ལ་ལོ་མང་གི་གསོ་ཚགས་ཉམས་མྱོང་ཡོད་པར་བརྟེན་རྫོང་གིས་ཁོ་པ་གསོ་ཚགས་རྟེན་གཞིའི་འགན་འཁུར་བ་དང་ལག་རྩལ་མཛུབ་ཁྲིད་པ་བྱ་རྒྱུའི་མོས་མཐུན་བྱས།

    2014ལོ་ནི་རྨང་གཞི་འདིང་བའི་ལོ་ཞིག་རེད། སྐབས་དེ་དུས་རྟེན་གཞིས་ཕག་ཕྲུག་100ཉོས་པའི་ནང་བོད་ཕག(སོན་ཕག)7དང་། རི་ཕག(སོན་ཕག)3 རི་ཕག(མོ་ཕག)དང་དེ་བཞིན་བོད་ཕག(མོ་ཕག)70 དུས་ཐུང་སྡོམ་གསོས(ཕོ་ཕག)20བཅས་ཡོད་པ་རེད།

    བཀྲ་དོན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་བྱ་ཆེད། ཕག་གསོ་ར་བའི་ཕག་ཚང་4ལ་པང་ལེབ་བཏིང་བས་ཕག་ཕྲུག་སྐྱེ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད་ལ། ཕག་ཕྲུག་གསོན་ཚད་ཀྱང་མཐོ་རུ་ཕྱིན་པ་རེད། རྟེན་གཞིའི་ཕག་ཕྲུག་ལ་རིམས་འགོག་སྨན་ཁབ་བརྒྱབ་པ་དང་འབྲེལ་ཚང་མར་ཐོ་འགོད་མིང་ཐོ་བཟོས་པའི་ཁར《སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་གྱི་ཚད་ལོན་ལག་ཁྱེར》བཟོས་ཡོད། དེས་མ་ཚད། ཕག་པར་དུས་བཀག་ལྟར་རིམས་འགོག་སྨན་ཁབ་བརྒྱབ་པས། གསོ་ཚགས་རྟེན་གཞིར་ནད་ཡམས་ཐོན་རྒྱུར་སྔོན་འགོག་ནུས་ལྡན་ཐུབ་ཡོད། ཕག་གསོ་ར་བའི་ཆུའི་གནད་དོན་ཐག་གཅོད་བྱ་ཆེད། འཕྲུལ་ཁྲོན་འདྲུ་ཡུལ་བདམས་པའི་ཁར་ཚད་འཇལ་ལས་དོན་སྤེལ་ནས་མ་དངུལ་བཏང་སྟེ་འཕྲུལ་ཁྲོན་དྲུས་ཤིང་། དེ་དང་ཆབས་ཅིག་སྨི་ངོས་གྲུ་1000ཟིན་པའི་ལེ་ལག་ཚང་བའི་ཕག་པའི་གཟན་ཆག་རྟེན་གཞིའི་སྔོ་ཚལ་དྲོད་ཁང་50བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས།

    བཀྲ་དོན་གྱིས“ལོ་གཅིག་རིང་རྒྱུད་འཕེལ་བྱས་པ་བརྒྱུད། ལག་ཡོད་ཕག་པ་མགོ་གྲངས་300ལྷག་ཙམ་ཟིན་པའི་ནང་ཕག་པ་25བཤས་གཏོང་བའི་དུས་སུ་སླེབས་ཡོད། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ཁྲོམ་རར་འཚོང་ཆོག”ཅེས་གད་མོ་བགོད་བཞིན་དུ་བཤད།

    རྟེན་གཞིས་མཐོང་སྨོན་ཤང་གི་དཀའ་ངལ་ཡོད་པའི་དུད་ཚང་ནས་གསོ་ཚགས་མི་སྣ་འགའ་ཞིག་བསྡུས་པའི་ནང་ཉི་མ་ནི་ཁོང་ཚོའི་གྲས་ཤིག་རེད། ཁོ་མོའི་ཁྱོ་ག་འོན་པ་ཡིན་པ་དང་ཕྲུ་གུ་སློབ་གྲྭ་ཆེ་མོ་སྒྲིམ་དགོས་པས་ཁྱིམ་ཚང་གི་ཁུར་པོ་ཉི་མ་མི་གཅིག་གི་ཕྲག་ཐོག་ཏུ་བབས། ལོ་ཤས་གོང་ཉི་མས་ཕག་པ་རེ་གཉིས་གསོ་ཚགས་བྱས་ནའང་རང་ཉིད་ལ་ལག་རྩལ་ཐད་ཀྱི་་མཛུབ་ཁྲིད་བྱེད་མཁན་མེད་སྟབས། ཁོ་མོས་གསོས་པའི་ཕག་པ་ཚང་མ་ཤ་ཤེད་རྒྱས་པོ་མེད། འདི་ལོའི་ཟླ་གཉིས་པར་ཁོ་མོ་གསོ་ཚགས་རྟེན་གཞིར་བསྡུས། ལག་རྩལ་པའི་མཛུབ་ཁྲིད་འོག ད་ལྟ་ཕག་ཕྲུག་ལ་ལྟོ་ཆས་གཡོས་སྦྱོར་བྱས་ནའང་འདྲ། ཕག་ཕྲུག་རྣམས་གནམ་གཤིས་ངན་པ་སྒྲོལ་དགོས་ནའང་འདྲ། ཁོ་མོར་ཉམས་མྱོང་མང་པོ་ཡོད་པ་དང་ཟླ་རེར་ད་དུང་ཡོང་འབབ་སྒོར་1800ཟིན་གྱི་ཡོད་པ་རེད།

    ལག་རྩལ་གྱི་སྣེ་ཁྲིད་འོག གྲོང་ཚོའི་དུད་ཚང་ཁག་གཅིག་ཕྱུག་པོའི་ལམ་དུ་བསྐྱོད་ཅིང་། སྔོན་ཆད་མཐོང་སྨོན་ཤང་གི་ཕག་པ་གསོ་ཚགས་བྱེད་མཁན་ཕུན་ཚོགས་ཀྱིས་ཕག་པ་10གསོས་རུང་། ཁྲོམ་རའི་དགོས་མཁོ་དང་གོ་སྐབས་དམ་འཛིན་ལ་རྒྱུས་མངའ་དེ་ཙམ་མེད་པས། གཞི་ཁྱོན་ཅན་གྱི་གསོ་ཚགས་ཤིག་ཆགས་མེད་ལ། རླུང་སྤྲིན་ལྟ་བུའི་འགྱུར་ལྡོག་ཆེ་བའི་ཕག་པའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་དེ་ཙམ་བྱུང་མེད། ཤང་གི་ཕག་པ་གསོ་ཚགས་རྟེན་གཞི་བཙུགས་པ་ནས་བཟུང་། ཕུན་ཚོགས་ཀྱིས་གསོ་ཚགས་རྟེན་གཞིར་དུས་ཚོད་ཡོད་རིམ་བཞིན་ལག་རྩལ་སྦྱོང་བར་ཡོང་གི་ཡོད། ད་ལྟ་ཕག་པ་གསོ་ཚགས་སྐོར་གླེང་སྐབས་ཁོ་པར་ཉམས་མྱོང་མང་པོ་ཤོད་རྒྱུ་ཡོད་པས་ཁོང་ཚོའི་མིག་ནང་མིང་དོན་མཚུངས་པའི་ཡུལ་ལུགས་ཀྱི་མཁས་པར་གྱུར།

    བཞད་མཐོང་སྨོན་རྫོང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས“སྔོན་དཔག་བྱས་ན། གསོ་ཚགས་རྟེན་གཞིས་རྫོང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་160ཡི་མི་གྲངས་625ཚང་མར་ལོར་སྒོར་ཁྲི་27གྱི་བགོ་འགྲེམས་ཐུབ་པ་དང་ལོ་རེར་དུད་ཚང་རེར་སྒོར་1687.5འཕར་ཐུབ། མི་རེར་ཆ་སྙོམས་བྱས་ན་སྒོར་432འཕར་བ་དང་ལོ་10ཡན་བསྟུད་མར་བགོ་འགྲེམས་རྒྱག་ཐུབ། སླད་ཕྱིན། ང་ཚོས་ཤང་སྲིད་གཞུང་གི་སྣེ་ཁྲིད་འོག་ཕག་པ་གསོ་ཚགས་རྟེན་གཞིར་ལོ་ལྟར་ཉུང་མཐར་ཡང་ལག་རྩལ་གསོ་སྦྱོང་ཐེངས་4སྒྲིག་འཛུགས་བྱས་ནས། ཉེ་འཁོར་གྱི་མི་སེར་སྔར་བས་མང་བས་ཕག་པ་གསོ་ཚགས་ལག་རྩལ་ཁོང་དུ་ཆུད་དུ་འཇུག་རྒྱུ་དང་། མི་སེར་རྣམས་ང་ཚོའི་གསོ་ཚགས་མཉམ་ལས་ཁང་ནང་ཞུགས་རྒྱུའི་ལྕག་སྐུལ་བྱ་རྒྱུ་མ་ཟད། མཉམ་དུ་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་བྱུང་།

    རྟེན་གཞིའི་ནང་ཕག་པ་མང་པོ་ཡོད་པ་མཐོང་སྐབས་སྤེན་པ་ཚེ་རིང་གིས་བཤད་པའི་སྐད་ཆར་ང་ཚོས་ཡིད་ཆེས་སྐྱེས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།