ཉེ་ཆར། རྒྱལ་ཡོངས་ཀྱི་ཞིང་ཆེན་17གྱི་སྨན་དོན་མི་སྣ་བརྒྱ་ཕྲག་ཁ་ཤས་ལྷ་སར་འཛོམས་ཡོད་ཅིང་། ཟླ་འདིའི་ཟླ་མཇུག་ཏུ“གོས་དཀར་དཔུང་སྡེ”དེ་བོད་ཀྱི་རྫོང་70རུ་བསྐྱོད་ནས་བརྟག་དཔྱད་ལས་དོན་བསྒྲུབས་ཏེ་ཐུམ་འབུའི་ནད་བཅོས་འགོ་འཛུགས་རྒྱུ་རེད།
རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ལི་པིན་གྱིས་ཚེས་23ཉིན་གསར་འགོད་པར་འདི་ནི་བོད་ཞི་བའི་བཅིངས་འགྲོལ་བཏང་ཚུན་གཞི་ཁྱོན་ཆེ་ཤོས་ཀྱི་ཐུམ་འབུའི་ནད་འགོ་ཚུལ་གྱི་བརྟག་དཔྱད་ཅིག་ཡིན་པ་དང་། གོམ་སྟབས་རྗེས་མའི་འགོག་བཅོས་ལས་དོན་བསྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད།
བོད་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་ལ། ཐུམ་འབུའི་ནད་ཚབས་ཆེ་ཤོས་ཀྱི་ས་ཆ་ཞིག་ཀྱང་ཡིན་པ་རེད། ཐུམ་འབུའི་ནད་ནི་མི་དང་སྲོག་ཆགས་ཀྱི་ལུས་ལ་བརྟེན་པའི་རྒྱུ་སྲིན་ལེབ་མོ་ཞིག་ཡིན་པ་དང་། མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་རྟེན་སྲིན་འབུའི་ནད་ཅིག་ཡིན། དེའི་ནང་ཐུམ་འབུ་ལྦུ་གཟུགས་ནད་ནི་སྲོག་ལ་ཧ་ཅང་འཚེ་བའི་ནད་རིགས་ཤིག་ཡིན། ནད་པར་སྟབས་བསྟུན་གྱི་སྨན་བཅོས་མ་བྱས་ན་ལོ་10ཡི་རིང་འཆི་ཚད་94%ཟིན་གྱི་ཡོད། ནད་པར་ན་ཚ་དེ་ཕོག་རྗེས་མཆིན་པ་དང་། གློ་བ། ཀླད་པ། རུས་སྒྲོམ་སོགས་ཧ་ལམ་དབང་པོ་དང་གྲུབ་ཆ་ཡོངས་ལ་གནོད་ནས་ངལ་རྩོལ་བྱེད་མི་ཐུབ་པར་འགྱུར་ཞིང་། དེ་ནི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ནད་གཞིའི་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིའི་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད།
མིག་སྔར་བོད་དུ་ཐུམ་འབུའི་ནད་ཀྱི་སྤྱིའི་འགོ་ཚུལ་གསལ་པོ་ཤེས་ཀྱི་མེད། རིགས་གཅིག་མཁས་ཅན་གྱིས་ནད་ཀྱི་བྱུང་དཔེ་འཚོལ་བའི་གནས་ཚུལ་དང་དེ་བཞིན་རྫོང་ཁག་ཚང་མར་ཐུམ་འབུའི་ནད་འགོ་བའི་རྒྱུ་རྐྱེན་ཡོད་པ་སོགས་གཞིར་བཟུང་སྟེ་བོད་ཀྱི་རྫོང་74ལ་ཧ་ལམ་ཐུམ་འབུའི་ནད་འགོ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། 2012ལོར་རང་རྒྱལ་གྱིས་ཐུམ་འབུའི་ནད་འགོ་ཚུལ་གྱི་ཆེད་དོན་བརྟག་དཔྱད་ཐོག་མ་བྱས་པ་དང་། བོད་ཀྱིས་སྐབས་དེར་ས་བབ་གཞིར་བཟུང་ནས་རྫོང་4ལ་བབ་བསྟུན་གྱིས་བརྟག་དཔྱད་བྱས་ཤིང་། འབྲས་བུ་ལས་མངོན་པ་ལྟར་ན། རྫོང་4པོ་དེའི་མི་ཚོགས་ལ་ཐུམ་འབུའི་ནད་ཆ་སྙོམས་ཕོག་ཚད་4.23%ཟིན་པས་ཐུམ་འབུའི་ནད་འགོ་ཡུལ་ཚབས་ཆེན་དུ་གཏོགས་ཀྱི་ཡོད་པ་རེད།
བོད་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལ་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་མཐོང་ཆེན་བྱས་པ་མ་ཟད། བོད་སྐྱོར་ཞིང་ཆེན་ནས་རིགས་གཅིག་མཁས་ཅན་མངགས་ཏེ་བརྟག་དཔྱད་ལས་དོན་སྒྲུབ་རོགས་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། ངོ་སྤྲོད་བྱས་པ་ལྟར་ན། བོད་ཀྱིས་ད་རེས་ཐུམ་འབུའི་ནད་འགོ་ཚུལ་བརྟག་དཔྱད་དེ་རྫོང་དང་ཆུས་70ཡི་གྲོང་ཚོ་364རུ་བྱ་རྒྱུ་དང་བརྟག་དཔྱད་མི་གྲངས་72800ཙམ་ཟིན་རྒྱུ་རེད། བརྟག་དཔྱད་ནང་མི་ཚོགས་ལ་ནད་ཕོག་ཚད་དང་། ཁྱི་ལ་འགོ་ཚུལ་སོགས་ཚུད་ཡོད་པ་རེད།
ལི་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་17གྱིས་Bསྒྲ་རླབས་ཀྱི་སྨན་པ་དང་། འགོ་ཚུལ་བརྟག་དཔྱད་མི་སྣ། ཚོད་ལྟ་ཁང་གི་ཞིབ་བཤེར་ཚད་ལེན་མི་སྣ་བཅས་296མངགས་ཁར། བོད་ཀྱི་སྨན་དོན་མི་སྣ་བསྣན་ཏེ་ད་རེས་ཀྱི་སྨན་བཅོས་ནང་ཞུགས་མཁན་920ཟིན་པ་དེ་ཚོགས་ཆུང་92ལ་བགོས་ནས་ཡུལ་དངོས་སུ་བརྟག་དཔྱད་དང་ཚོད་ལྟ་ཁང་གི་ཞིབ་བཤེར་ཚད་ལེན་གྱི་ལས་དོན་བསྒྲུབ་རྒྱུ་རེད། “ཟླ་1གི་རིང་ཡུལ་དངོས་སུ་བརྟག་དཔྱད་ལེགས་གྲུབ་དང་། ཟླ་2ནས་3གྱི་རིང་གཞི་གྲངས་ཕབ་འཇུག་དབྱེ་ཞིབ་དང་བརྟག་དཔྱད་སྙན་ཞུ་ལེགས་གྲུབ་བྱས་ནས་འགོག་བཅོས་ཀྱི་ཐབས་ཇུས་བཏོན་ཏེ་ལོ་འདིའི་ནང་འགོག་བཅོས་ལས་དོན་སྒྲུབ་གང་ཐུབ་བྱ་རྒྱུ་རེད”