དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ནག་ཆུས་རྩྭ་ཐང་འབྲོག་ལས་ཚན་རྩལ་གསར་གཏོད་ཀྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-24

    ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས་22ཉིན། རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་འཛུགས་སྐྲུན་སྐུལ་འདེད་ཚོགས་འདུ་དང་འབྲི་གཡག་གསོ་ཚགས་དཔེ་སྟོན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་ནག་ཆུ་ས་ཁུལ་དུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཞིང་ལས་ལས་དོན་གཞུང་ལས་ཁང་དང་། ཞིང་འབྲོག་ཐིང་། དབུལ་སྐྱོར་གཞུང་དོན་ཁང་། བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་། ཀྲུང་གོ་ཚན་རིག་ཁང་ས་ཁམས་སུའོ། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་མཇུག་སུའོ་དང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་ཚན་རྩལ་ཅུས། རྫོང་རིམ་པའི་ཚན་རྩལ་ཅུས་ཀྱི་འགན་འཁུར་བ་6དང་དེ་བཞིན་ནག་ཆུ་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་100ལྷག་ཙམ་བཅས་ཚོགས་འདུར་ཞུགས་ཡོད་ཅིང་། ཚོགས་འདུའི་ཐོག་ད་དུང་མཚོ་སྔོན་ཞིང་ཆེན་ཕྱུགས་རིགས་སྨན་པའི་ཚན་རིག་སློབ་གླིང་འབྲི་གཡག་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ཁྲའེ་ཧྲ་ཐུའོ་དང་ཡུས་མིང་ཧྲེང་ཆེད་མངགས་གདན་དྲངས་ནས་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད།

    ཚོགས་ཞུགས་འཐུས་མིས་སྙན་རོང་རྫོང་ཕག་གཡུ་འབྲི་གཡག་ཚན་རྩལ་དཔེ་སྟོན་གྲོང་ཚོ་དང་། ནག་ཆུ་ས་ཁུལ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་འབྲི་གཡག་གསོ་ཚགས་དཔེ་སྟོན་རྟེན་གཞི་སོགས་ལ་རྟོག་ཞིབ་གནང་བ་རེད། འབྲི་གཡག་ཚན་རྩལ་འདུ་འགོད་རྣམ་གྲངས་ཚོགས་ཆུང་དང་། ནག་ཆུའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གྲབས་འཛུགས་ཚོགས་ཆུང་། ལྗོངས་ཞིང་ལས་ཚན་རིག་ཁང་རྩྭ་ལས་ཞིབ་མཇུག་སུའོ་སོགས་ཕྱོགས་གསུམ་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག་ནག་ཆུ་ས་ཁུལ་གྱི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་ཕྱོགས་ཡོངས་ནས་ས་མཐོའི་ཁྱད་ལྡན་འབྲི་གཡག་ཐོན་ལས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ནུས་པ་གོང་མཐོར་གཏོང་རྒྱུའི་བརྗོད་དོན་གཙོ་བོར་དམིགས་ཏེ་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ཡིན་པའི་འབྲི་གཡག་ཚན་རྩལ་འདུ་འགོད་ལག་བསྟར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”ནག་ཆུ་ས་ཁུལ་གྱི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གི་ལས་དོན་ལ་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱས་པས། “འཛམ་གླིང་ཡང་རྩེའི”རྒྱལ་ཁབ་རིམ་པའི་རྩྭ་ཐང་དང་འབྲོག་ལས་ཚན་རྩལ་གླིང་ནུས་ཤུགས་ཡོད་རྒུས་བཏོད་པ། བོད་བྱང་ཐང་གི་ཁྱད་ལྡན་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བཅས་བྱས་ཏེ་ནག་ཆུ་ས་ཁུལ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།