སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་རྨང་གཞིའི་ཆུ་ཚད་གོང་མཐོར་གཏོང་བའི་བསམ་གཞིག་ཕྲན་བུ།
སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་དང་མི་རིགས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཟིན་བྱེད་ཅིག་ཡིན་ལ། མི་རིགས་ཤིག་གི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་མེད་དུ་མི་རུང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། གལ་ཏེ་མི་རིགས་ཤིག་ལ་སྐད་དང་ཡི་གེ་མེད་ན། མི་རིགས་དེར་བླ་སྲོག་མེད་པ་དང་གཅིག་མཚུངས་ཡིན་ལ་དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་རྒུད་དུ་འགྲོ་སྲིད། ལྷག་དོན་དུ་ད་ལྟའི་ཞི་མཐུན་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་འདི་དག་ལྷན་གཅིག་ཏུ་གནས་ག་ལ་ཐུབ། དེས་རྐྱེན་པས། མི་རིགས་ཤིག་ལ་ཆ་མཚོན་ན་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པ་སྨོས་མི་དགོས། དེའང་ངེད་བོད་མི་རིགས་ལ་རིག་པའི་གནས་ཀྱི་ཤེས་བྱ་རྒྱ་ཆེ་ལ་ཤིན་ཏུ་གཏིང་ཟབ་པ་འདི་དག་ནི་ངེད་ཚོའི་སྔོན་བྱོན་མེས་པོས་དཀའ་བ་དུ་མ་སྤྱད་རྗེས་ཕྱི་རབས་པ་རྣམས་ལ་བཞག་པའི་ཆེས་རིན་ཐང་བྲལ་བའི་ཤུལ་བཞག་གི་ནོར་བུ་ཡིན་པས། མཚར་སྡུག་འོད་སྟོང་འཕྲོ་བའི་ནོར་བུ་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུ་ནི་ང་ཚོ་ཕྱི་རབས་པ་ཚོའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ཞིག་ཀྱང་ཡིན། དེས་ན། ང་ཚོ་ཕྱི་རབས་པ་ཚོས་བོད་སྐད་ཡིག་རྒྱུན་འཛིན་དང་སློབ་སྦྱོང་ཡག་པོ་བྱེད་དགོས། འོན་ཀྱང་དེང་སྐབས་སྤྱི་ཚོགས་སྟེང་གི་ཕ་མ་ཉུང་ཤས་ཀྱིས་རང་སོ་སོས་བོད་སྐད་ཡིག་ལ་སྦྱངས་བརྩོན་དང་མཐོང་ཆེན་བྱ་རྒྱུ་ལྟ་ཅི། ཐ་ན་རང་གི་བུ་ཕྲུག་ལའང་བོད་སྐད་ཡིག་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་དང་ཁྱིམ་ཚང་སློབ་གསོ་ཡག་པོ་ཞིག་རྩ་བ་ནས་མེད་པར་བརྟེན། ལོ་བཞི་ལྔ་ཙམ་ལ་སོན་པའི་ཕྲུ་གུས་མི་གཞན་དང་འབྲེལ་འདྲིས་བྱེད་སྐབས་བོད་སྐད་ཡག་པོ་ཞིག་ཤོད་ཤེས་ཀྱི་མེད། སྤྱི་ཚོགས་ཀྱི་སྣང་ཚུལ་ལམ་ཁྱིམ་ཚང་སློབ་གསོའི་སྣང་ཚུལ་འདི་ལྟ་བུ་ཞིག་ཡོང་དགོས་དོན་ནི་དེང་སྐབས་ཀྱི་ཁྱིམ་ཚང་སློབ་གསོར་རག་ལུས་ཡོད། སླད་ཕྱིན་སྣང་ཚུལ་དེ་དག་ཇེ་ཉུང་དུ་འགྲོ་ཆེད་དང་སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཛུགས་ཐུབ་ཕྱིར། ཁོ་མོས་ལོ་མང་རིང་ལ་སློབ་ཁྲིད་ཀྱི་ལས་ཡུལ་དངོས་ལ་ཞུགས་པའི་ཉམས་མྱོང་རགས་བསྡུས་ཤིག་བརྗོད་པར་འདོད།
དང་པོ། ཁྱིམ་ཚང་སློབ་གསོའི་ཐད།
ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་པས་ཕ་མའི་བྱེད་སྟངས་ཀྱིས་ཐད་ཀར་ཕྲུ་གུ་འཚར་ལོངས་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། དེ་ཡང་། “ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚའི་རྒྱུ།།” ཞེས་གསུངས་པ་ལྟར། དེང་སྐབས་སྤྱི་ཚོགས་སྟེང་གི་ཕ་མ་ཉུང་ཤས་ཀྱིས་རང་གི་ཕ་སྐད་གཙང་མ་བརྗེད་ངད་རྐུན་པོའི་ལག་ཏུ་བསྐུར་ནས་རང་གི་བུ་ཕྲུག་ལ་རྒྱུན་སྤྱོད་ཐ་སྙད་བེད་སྤྱོད་ལ་དོ་སྣང་མི་བྱེད་པ། ཐ་ན་སྤྱི་ཚོགས་སྟེང་གི་སྐད་ཆ་འཁྱམ་པོའི་རམ་འདེགས་ལ་བརྟེན་ནས་དྭངས་གཙང་གི་ཕ་སྐད་ལ་ལྷད་སྐྱོན་གཏོང་བཞིན་ལད་མོའི་དབྱིངས་སུ་ཚུད། ད་དུང་ཕ་མ་རེ་འགས་རང་གི་བུ་ཕྲུག་ལ་བོད་ཡིག་ལ་སྦྱངས་བརྩོན་བྱས་ན་ཕྱིས་སུ་ཕན་པ་ཅི་ཡང་མེད་ལུགས་དང་། དུས་ཚོད་འཕྲོ་བརླག་གཏོང་བ་ལས་གཞན་ཕན་པ་ཅི་ཡང་མེད་ལྟ་བུའི་ངོ་གནོང་དགོས་པའི་སློབ་གསོ་རྒྱག་པའི་ཁྱིམ་ཚང་སློབ་གསོ་འདི་འདྲ་ནི་ཆེས་ནོར་འཁྲུལ་དང་ལྡན་པ་ཞིག་རེད། གང་ལགས་ཤེ་ན། དེང་སྐབས་འཛམ་གླིང་ཐོག་བོད་རིག་པར་ཞིབ་འཇུག་དང་། བོད་སྐད་ཡིག་དང་། བོད་ཀྱི་རིག་གནས་ལ་སྦྱངས་བརྩོན་བྱེད་མཁན་བོད་རིགས་ཕུད་ད་དུང་བོད་དུ་ཡོད་པའི་རྒྱ་རིགས་བློ་མཐུན་དང་། དེ་མིན་དབྱིན་ཇི་བ་དང་། འཇར་མན་བ་སོགས་ཕྱི་གླིང་པའི་མཁས་དབང་མང་པོས་བསླབ་སྦྱངས་བྱེད་ཀྱི་ཡོད་པ་མ་ཟད། འཇར་མན་གྱི་ཏཱ་ཀུ་སློབ་ཆེན་དང་ཨ་རིའི་ཧ་ཧྥོའུ་སློབ་ཆེན་སོགས་འཛམ་གླིང་གི་གྲགས་ཅན་སློབ་ཆེན་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་བཙུགས་ཡོད་ལ། རྒྱལ་ནང་ལའང་བོད་རིག་པའི་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་སློབ་གྲྭ་དུ་མ་བཙུགས་ཡོད། ལྷག་པར་དུ་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་དུ་སྐད་གཉིས་སློབ་གསོར་ཤུགས་སྣོན་བརྒྱབ་དང་རྒྱག་བཞིན་ཡོད། དེ་ཡང་ཇི་སྐད་དུ། རིག་པ་གཞོན་པའི་དུས་སུ་སློབས།། བ་ནི་དགུན་གྱི་དུས་སུ་གསོ།། ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ།། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ།། ཞེས་པ་ལྟར་ཁྱིམ་ཚང་སློབ་གསོ་ནི་ཇི་འདྲའི་གལ་ཆེན་ཞིག་ཡིན་པས་དེར་བརྟེན་རྒྱ་ཆེའི་ཁྱིམ་བདག་རྣམ་པས་བོད་མི་ཞིག་ཡིན་ཕྱིན་དང་ཐོག་བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་ཡག་པོ་ཞིག་སྦྱོང་རྒྱུ་ནི་ངེད་ཚོའི་ཕྲག་སྟེང་དུ་བབས་པའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས། དེས་ན་ཕྱིས་སུ་ཁྱིམ་བདག་རྣམ་པས་ཁྱིམ་ཚང་སློབ་གསོའི་ཐད་ཕྲུ་གུས་བོད་སྐད་ཡིག་སྦྱོང་རྒྱུར་བཀག་འགོག་སྤུ་ཙམ་མེད་པར་དེ་ལས་ལྡོག་སྟེ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུའི་འདུན་པ་ཡོད།
ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་ཡིན་པས་དེར་ཁྱིམ་བདག་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བྱ་སྤྱོད་ལ་དོ་སྣང་ཆེན་པོ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་ལ། རྒྱུན་གཏན་འཚོ་བའི་ཁྲོད་དུ་ཕ་མ་གཉིས་པོས་རང་སོ་སོས་ཤེས་པའི་བོད་ཀྱི་རིག་གནས་དང་འབྲེལ་བའི་སྒྲུང་གཏམ་ཐུང་གྲས་དང་གཏམ་རྒྱུད་ཐུང་གྲས་སོགས་ཕྲུ་གུར་མང་ཙམ་ཤོད་རྒྱུ་ནི་གལ་ཆེ་སྙམ། གང་ཡིན་ཞེ་ན། དེ་ལས་ཕྲུ་གུའི་སློབ་སྦྱོང་གི་དོགས་སློང་གི་སྙིང་སྟོབས་སྐྱེད་སྲིང་ཐུབ་ལ་ཆུང་དུས་ནས་རང་མི་རིགས་ཀྱི་རིག་གནས་ལ་དགའ་སྣང་ཞིག་ག་ལེར་སླེབས་ཐུབ། ཡང་ཁྱིམ་བདག་རྣམ་པས་རྒྱུན་གཏན་ཕྲུ་གུར་མི་རིགས་ཀྱི་རིག་གནས་དང་འབྲེལ་འདྲིས་མེད་པ་ཤ་སྟག་མཁོ་སྤྲོད་བྱས་ཚེ། བུ་ཕྲུག་དེ་ཆུང་བྱིས་པའི་དུས་ནས་མི་རིགས་ཀྱི་རིག་གནས་ལ་རྒྱུས་མངའ་ཏིལ་འབྲུ་ཙམ་ཡང་མེད་པ་དང་བོད་ཡིག་སྦྱོང་འདོད་ཀྱི་བསམ་པ་སྤུ་ཙམ་ཡང་མེད་པ་ཞིག་ལ་འགྱུར་རྒྱུ་ནི་སྨོས་མི་དགོས། དེར་བརྟེན་བུ་ཕྲུག་གིས་ཆུང་བྱིས་པའི་དུས་ནས་མི་རིགས་ཀྱི་རིག་གནས་ལ་ཤེས་རྟོགས་དང་རྒྱུས་མངའ་རགས་ཙམ་ཡོང་བ་བྱ་རྒྱུ་དེ་ནི་ཕྱིན་ཆད་བུ་ཕྲུག་དེའི་བོད་སྐད་ཡིག་གི་བྱང་ཚད་དང་ཤེས་ཚད་ལའང་ཕན་ཐོགས་ཤིན་ཏུ་ཆེ།
གཉིས་པ། དེ་མིན་སློབ་གྲྭའི་སློབ་གསོའི་ཐད།
དང་པོ། བོད་སྐད་ཡིག་འཁྲུལ་མེད་ཡང་དག་གཅིག་ཏུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ན་གཙོ་བོ་སློབ་ཆུང་སློབ་མ་ནས་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་སྨོས་མེད་ཅིག་རེད། སློབ་ཆུང་སློབ་མ་རྣམས་ནི་ལོ་ན་ཕྲ་ཞིང་སྤྱི་ཚོགས་ཀྱི་དྲི་མས་མ་འགོས་པའི་ལྷད་མེད་དྭངས་གཙང་ཞིག་ཡིན་པས། རང་རྐྱ་འཕེར་ནུས་ཞན་པ་དང་གཞན་བརྟེན་གྱི་བསམ་པ་ཤུགས་ཆེ་བར་བརྟེན། དེ་དག་ལ་དགེ་རྒན་གྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་ལ། དགེ་རྒན་གྱིས་སློབ་ཆུང་སློབ་མའི་འཚོ་བར་གནས་བབ་གལ་ཆེན་ཞིག་བཟུང་ཡོད་པས། དང་ཐོག་དགེ་རྒན་ནས་སློབ་མའི་ཁྱོན་ཡོངས་ཀྱི་རྨང་གཞིར་གཞིགས་ནས་སློབ་ཁྲིད་ཀྱི་ནང་དོན་དང་འཁྲིད་བྱའི་ནང་དོན་སོགས་གྲ་སྒྲིག་ཨང་བསར་བྱེད་དགོས། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་ངེས་པར་དུ་སློབ་མའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁོ་ཚོའི་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འདིང་དགོས། དེ་ཡང་། གསར་ཞུགས་ཀྱི་སློབ་མར་ཅུང་ཆ་ཚང་བའི་སྒོ་ནས་བོད་སྐད་ཡིག་གི་བློ་སྒོ་འབྱེད་དགོས་པ་དང་དབྱངས་གསལ་དང་། སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་བཅས་ངོས་འཛིན་གསལ་པོ་དང་འབྲི་ཀློག་གསལ་པོ་དགོས་པའི་རྨང་གཞི་འདིང་དགོས་པ་མ་ཟད། སློབ་མར་སློབ་སྦྱོང་གི་སྤྲོ་སྣང་དང་། སློབ་སྦྱོང་གི་ནུས་པ། སློབ་སྦྱོང་གི་གོམས་གཤིས་སོགས་ཡག་པོ་འཇགས་རྒྱུར་ཡང་རྨང་འདིང་དགོས། ཀ་མད་སུམ་ཅུ་སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་མས་ཀ་ཁ་ག་ངའི་གོ་རིམ་བཞིན་ཀློག་ཤེས་པ་ཙམ་གྱིས་བློ་ཡིད་ཚིམས་ནས་མ་བསྡད་པར་ཀ་ཁའི་གོ་རིམ་དཀྲུགས་ནས་ཀློག་ཏུ་འཇུག་དགོས་ལ་གཟུགས་ཉེ་མཚུངས་ཀྱི་ཡི་གེ་ཕན་ཚུན་བསྡུར་ནས་ཀློག་ཏུ་བཅུག་སྟེ་སློབ་མས་ཀ་མད་སུམ་ཅུ་ལ་བལྟས་པ་ཙམ་གྱིས་ཡིག་ངོ་ཆོད་པ་བྱེད་དགོས། དབྱངས་བཞི་སློབ་ཁྲིད་བྱེད་སྐབས་དབྱངས་བཞི་གསལ་བྱེད་སུམ་ཅུར་ཞུགས་རྗེས་སྒྲ་ཇི་ལྟར་འདོན་ཚུལ་སློབ་མས་གསལ་པོ་ཤེས་ཐུབ་པའི་ཆེད་དུ་སྔོན་ལ་དགེ་རྒན་གྱིས་དབྱངས་བཞི་གསལ་བྱེད་སུམ་ཅུར་སྦྱོར་སྐབས་སྒྲ་ཇི་ལྟར་འདོན་ཚུལ་དང་དབྱངས་སྦྱོར་སའི་གནས་འཕྲོད་པོ་དགོས་པ་དང་། གལ་ཏེ་དབྱངས་སྦྱར་ཡུལ་གནས་འཕྲོད་པོ་མ་བྱུང་ཚེ་དོན་ལ་སྐྱོན་ཆེན་པོ་ཡོང་བའི་ཐད་ལ་ནན་བཤད་བྱས་ཏེ་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་ཡོང་བ་བྱེད་དགོས།
གཉིས་པ། སློབ་ཆུང་ལོ་རིམ་མཐོ་བའི་སློབ་མས་བརྡ་སྤྲོད་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ལགས། དེའང་དེ་སྔོན་སྦྱོང་མྱོང་བའི་ཤེས་བྱ་དང་བསྡུར་ན་ཅུང་དཀའ་བ་ཞིག་ཡིན་པས་དེར་རྒན་ལགས་རྣམ་པས་སློབ་ཁྲིད་གནང་སྐབས་ངེས་པར་དུ་དོ་སྣང་ཆེན་པོས་སློབ་མའི་ཚོགས་ལ་བརྡ་སྤྲོད་ཤེས་བྱ་དེ་དག་ཁ་གསལ་གོ་བདེའི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་པ་ཞིག་དང་སློབ་མས་ཀྱང་ཤེས་བྱ་དེ་དག་ཁོང་དུ་ཆུད་ཐུབ་པ་ཞིག་བྱུང་ཚེ་ཕྱིན་ཆད་སློབ་མ་དེ་ཚོའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཐུབ། དེའང་བརྡ་སྤྲོད་ཤེས་བྱ་གཅིག་པུ་མ་ཡིན་པར་ཆུང་དུས་ནས་བྱིས་པ་དག་ཡིག་བློ་ལ་ཡག་པོ་འཛིན་ཏེ་རྒྱུན་གཏན་བརྗོད་པའི་ཕྲེང་བ་དང་རྩོམ་ཐུང་སོགས་འབྲི་སྐབས་སྦྱངས་ཟིན་པའི་སུམ་ཅུ་པའི་ཕྲད་དང་ཡི་གེའི་དག་ཆ་མ་ནོར་བར་སྤྱོད་རྒྱུར་སྦྱོང་བརྡར་བྱ་རྒྱུ་མ་ཟད། སློབ་མ་ཚོར་རྒྱུན་གཏན་ནས་ཞོགས་པའི་དཔེ་ཀློག་གི་དུས་སྐབས་བཟང་པོ་དེ་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་ལེགས་རྩོམ་ཁག་གི་ཆེས་སྙན་འཇེབས་ལྡན་པའི་དུམ་བུ་ཁག་གཅིག་བློར་འཛིན་པ་དང་། བོད་ཀྱི་ས་སྐྱ་ལེགས་བཤད་དང་དགེ་ལྡན་ལེགས་བཤད། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་ཆུ་ཤིང་བསྟན་བཅོས་སོགས་བློ་ལ་འཛིན་རྒྱུ་ཡང་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས། དེར་བརྟེན་སློབ་ཆུང་སློབ་མ་ཚོས་རྒྱུན་གཏན་ནས་ལྟ་ཀློག་བློ་ལ་གང་མང་འཛིན་རྒྱུ་དང་རྩོམ་ཡིག་ཐུང་གྲས་གང་མང་འབྲི་སྦྱོང་བྱས་ཏེ་ཤེས་བྱའི་གནས་རྣམས་རེ་རེ་བཞིན་རང་གི་བློའི་བང་མཛོད་དུ་གསོག་འཇོག་ལེགས་པོ་བྱ་དགོས་པ་དེ་ནི་སློབ་མ་ཚོའི་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་རེད།
གསུམ་པ། རང་ཅག་བོད་རིགས་སློབ་མ་རྣམས་ལ་བོད་ཡིག་སློབ་ཁྲིད་བྱེད་པར་སྐད་ཡིག་གཞན་པ་ལས་སྟབས་བདེ་ཞིང་ཤེས་སླ་བའི་ཆ་རྐྱེན་བཟང་ཤོས་ཤིག་ལྡན་ཡོད་པ་དེ་ནི་སློབ་མ་རྣམས་ལ་དང་ཐོག་ནས་ཕ་མེས་ནས་བྱུང་བའི་འཚོ་བའི་ཁྲོད་ཀྱི་བོད་སྐད་ཀྱི་རྨང་གཞི་བཟང་པོ་ཞིག་ཡོད་པར་བརྟེན། སློབ་ཁྲིད་བྱེད་སྐབས་དགེ་རྒན་གྱིས་གཙོ་ཁྲིད་དང་སློབ་མས་ཉན་རྐྱང་ཁོ་ན་མ་ཡིན་པར་སློབ་མར་ཁ་ཕྱོགས་ནས་སློབ་གསེང་ངམ་ཡང་ན་དུས་ཚོད་ངེས་ཅན་ཞིག་བེད་སྤྱད་དེ་བོད་ཀྱི་རིག་གནས་དང་འབྲེལ་བའི་བྱེད་སྒོ། དཔེར་ན། གབ་ཚིག་འགྲན་བསྡུར་དང་། གཏམ་དཔེ་འགྲན་བསྡུར། སྙན་རྩོམ་སྒྲོག་སྦྱངས། ལེགས་བཤད་བློར་འཛིན་ལ་སོགས་པའི་འཁྲུག་ཆ་དོད་པའི་བྱེད་སྒོ་གང་མང་སྤེལ་ནས་སློབ་མའི་བོད་ཡིག་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱ་རྒྱུ་དང་བོད་ཀྱི་སྣ་མང་རིག་གནས་ལ་རྒྱུ་མངའ་དང་དགའ་ཞེན་ཡོང་བ་བྱས་ཏེ་རྩེད་མོའི་ཞོར་དུ་ཤེས་བྱ་མཁོ་སྤྲོད་བྱེད་པ་དེ་ནི་ན་ཆུང་སློབ་མ་ཚོའི་ངོས་ནས་བརྗོད་ན། རང་མི་རིགས་ཀྱི་རིག་གནས་སྦྱོང་བའི་ཐབས་ལམ་བཟང་ཤོས་ཤིག་ཀྱང་རེད། དེར་བརྟེན་དགེ་བའི་བཤེས་གཉེན་རྣམ་པས་ཉིན་རེའི་འཆར་གཞིའི་སློབ་ཁྲིད་ཁོ་ནར་དབུ་གཡེངས་ནས་མ་བཞུགས་པར་སྐབས་འགར་དོན་སྙིང་ལྡན་པའི་བྱེད་སྒོ་འགའ་ཤས་སྤེལ་ཚེ་སློབ་མའི་བོད་སྐད་ཡིག་གི་ཆུ་ཚད་ཇེ་མཐོ་ནས་ཇེ་མཐོར་འགྲོ་རྒྱུར་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ངེས་ཅན་ཞིག་ཐོན་ངེས་རེད་སྙམ།
མདོར་ན། སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་ཤེས་བྱ་ལེགས་པར་སྦྱོང་རྒྱུ་དང་བོད་སྐད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་ཆེད། ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་ནི་ཇི་འདྲའི་གལ་འགངས་ཆེ་བ་ཞིག་ཡིན་པར་བརྟེན། ཁྱིམ་བདག་རྣམ་པས་བུ་ཕྲུག་ལ་ཆུང་བྱིས་པའི་དུས་ནས་རང་མི་རིགས་ཀྱི་སྐད་དང་ཡི་གེར་དགའ་ཞེན་དང་དེ་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱ་རྒྱུ་ནི་ཆེས་གལ་ཆེན་ཞིག་དང་དགེ་བའི་བཤེས་གཉེན་རྣམ་པས་ཐབས་དང་རིག་ལམ་ཡངས་མོར་བརྟེན་ནས་ན་ཆུང་སློབ་མ་རྣམས་ཀྱི་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་བཏིང་ནས་ཁོ་ཚོའི་བློ་ཡུལ་དུ་ཤེས་བྱ་གང་མང་གསོག་འཇོག་ཐུབ་པ་བྱ་རྒྱུ་དེ་ནི་སློབ་ཁྲིད་པ་རྣམ་པའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ལ་ན་ཆུང་གི་སློབ་མ་ཚོས་ཀྱང་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་སྐུལ་ཏེ་རང་ལ་དགོས་པའི་ཤེས་བྱ་ཡོན་ཏན་རྣམས་རེ་ཞིག་རྒྱ་མཚོའི་ནང་ནས་དགོས་འདོད་ནོར་བུ་ལེན་པ་ལྟར་འབད་བརྩོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེའང་གུང་ཐང་བསྟན་པའི་སྒྲོན་མེས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་།། ཞེས་གསུངས་པ་ལྟར་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་དཔེ་འཛིན་སྐྱོར་སྦྱངས་ལ་འབད་དགོས་པ་གལ་ཆེ་ལ། ཁ་ཆེ་ཕ་ལུའི་བསླབ་བྱ་ལས་ཀྱང་། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད།། ཅེས་གསུངས་པ་ལྟར་ང་ཚོས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ན་ཐོག་མར་ཆུང་བྱིས་པའི་དུས་ནས་མི་རིགས་ཀྱི་སྐད་དང་ཡི་གེར་སྦྱངས་པ་བྱས་ཏེ་དེ་དག་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།
(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སློབ་ཆུང་གི་པད་སྒྲོན)
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣