ཟླ་8ཚེས་11ཉིན་སྐབས་བདུན་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་བྱེད་སྒོའི་ཉིན་མོ་ཡིན་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“འགོག་རྐྱེན་མེད་པ་བཟོ་ཆེད་དང་དུ་ལེན། འཆམ་མཐུན་ངང་ནས་ཕུགས་འདུན་ཆེད་དུ་འབད”ཅེས་པ་དེ་ཡིན།
འདི་ནི་དང་བླངས་པའི་རོགས་རམ་འོག་དབང་པོ་སྐྱོན་ཅན་གྱི་འགྲོ་བསྐྱོད་ལ་འགོག་རྐྱེན་མེད་ཆེད་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་བཞིན་ཡོད་པ།
ཟླ་8ཚེས་13ཉིན་ལྷ་ས་གྲོང་ཁྱེར་དབང་སྐྱོན་མཐུན་ཚོགས་ཀྱིས་ལྷ་སར་སྐབས་བདུན་པའི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་བའི་དགོས་པ་གཙོ་བོ་ནི་ལྷ་སའི་གྲོང་མིས་དབང་པོ་སྐྱོན་ཅན་ལ་ནམ་རྒྱུན་འཚོ་བའི་ཁྲོད་འཕྲད་སྲིད་པའི་དཀའ་ངལ་གང་མང་མངོན་འགྱུར་ཐོག་ཤེས་རྟོགས་ཐུབ་པ་དང་། སྤྱི་ཚོགས་ཐོག་གི་མི་རྣམས་ལ་ནམ་ཀུན་འཚོ་བའི་ཁྲོད་དུ་དབང་སྐྱོན་ལ་མཐོང་ཆུང་དང་འཕྱ་དམོད་སོགས་ཀྱི་བསམ་པའི་ཁེར་སོ་ངན་པ་མི་འཛིན་པར། འགོག་རྐྱེན་མེད་པའི་ཁོར་ཡུག་ནང་མི་ཚང་མ་འདྲ་མཉམ་ངང་མཉམ་ཞུགས་ཐུབ་རྒྱུའི་འབོད་སྐུལ་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་འདི་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཐུས་ཚོགས་ཀྱིས་གཙོ་འགན་དང་ཀུན་ཕན་དང་བླངས་ཚོགས་པའི་རོགས་རམ་འོག་ལྷ་ས་གྲོང་ཁུལ་གྱི་དབང་པོ་སྐྱོན་ཅན་མི་སྣ་ཉི་ཤུ་ཙམ་སྒྲིག་འཛུགས་བྱས་ནས་ལྷ་སའི་བོད་ལྗོངས་སྦྲག་སྲིད་དང་བོད་ལྗོངས་སྒུལ་འཕྲིན། བོད་ལྗོངས་སྦྲག་སྲིད་དངུལ་ཁང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས། མཁའ་ཟམ་སོགས་ཀྱི་མདུན་དུ་དབང་པོ་སྐྱོན་ཅན་མི་སྣར་འགོག་རྐྱེན་མེད་པའི་ངང་འགྲོ་བསྐྱོད་སྟབས་བདེ་ཡོང་ཆེད་ཀྱི་ཉམས་ལེན་བྱེད་སྒོ་སྤེལ་ཡོད།
འདི་ནི་དང་བླངས་ཚོགས་པ་དང་དབང་པོ་སྐྱོན་ཅན་ཚོའི་དྲན་རྟེན་མཉམ་པར་ཡིན་པ།
ཞར་བྱུང་ཤེས་བྱ།
སྤྱི་ཚོགས་ཐོག་གི་དབང་སྐྱོན་པར་མཐོང་ཆུང་དང་འཕྱ་དམོད་མི་བྱེད་པར་འདྲ་མཉམ་ངང་མཉམ་ཞུགས་ཐུབ་པ་ཇི་ལྟར་བྱེད་དགོས་སམ་ཞེ་ན། རྩོམ་སྒྲིག་པས་རང་ཉིད་ཀྱི་མཐོང་སྣང་དང་སྦྲགས་ནས་ཕྱོགས་བསྡུས་གཤམ་གསལ་ཏེ།
གཅིག ཁྱིམ་བདག་རང་ཉིད་ཀྱིས་ཕྲུ་གུའི་མདུན་དུ་དབང་སྐྱོན་ལ་མཐོང་ཆུང་དང་འཕྱ་དམོད་མེད་པར།“ལོང་བ”དང“ལས་མ་དག་པ”སོགས་ཀྱི་ཚིག་རྣོ་བའི་སྐད་ཆ་ཤོད་མི་རུང་།
གཉིས། གྲོགས་པོ་ཁ་ལོ་བས་དུས་རྒྱུན་རླངས་འཁོར་ལོང་བའི་འགྲོ་ལམ་ཐོག་ཏུ་མ་བཞག་པར་དབང་སྐྱོན་གྲོགས་པོ་ཚོ་འགྲོ་བསྐྱོད་སྟབས་བདེ་ཡོང་བ་བྱེད་དགོས།