གསར་འགོད་པར་རྣམ་གྲངས་དེ་རག་པའི་ཁེ་ལས་ཆི་ཏི་སང་ཏེ་ཁོར་ཡུག་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟ་ཁང་གི་ལྟོ་ལྷག་ཐོན་ཁུངས་སུ་བསྒྱུར་ནས་བེད་སྤྱོད་དང་གནོད་མེད་ཀྱིས་གཙང་སེལ་བྱེད་པའི་རྣམ་གྲངས་ཆུ་ཤུར་རྫོང་མཉེས་ཐང་ཉི་ཕུ་གྲོག་རོང་དུ་བསྐྲུན་རྒྱུ་གཏན་འཁེལ་བྱུང་བ་དང་ཉེ་དུས་དངོས་སུ་སྐྲུན་འགོ་འཛུགས་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟ་ཁང་གི་ལྟོ་ལྷག་གཙང་སེལ་རྣམ་གྲངས་བསྐྲུན་རྗེས“རྫབ་སྣུམ”དང“གད་སྙིགས་ཀྱིས་གསོས་པའི་ཕག་པ”སོགས་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། སྐབས་དེ་དུས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཀྱང་འབྲེལ་ཡོད་སྲིད་ཇུས་བཏོན་ནས་བཟའ་བཏུང་ཁེ་ལས་དང་ཚུར་བསྡུའི་གྲོས་དོན་བཞག་ནས་གཅིག་གྱུར་ཐོག་ཟ་ཁང་གི་ལྟོ་ལྷག་ཚུར་བསྡུ་དང་གཙང་སེལ་ལྟེ་གནས་བཙུགས་ནས་ཕག་ལྟོའི་འགྲོ་ཕྱོགས་ཁ་གསལ་དང་། ཐག་གཅོད་བྱ་ཐབས་བདེ་འཇགས་ནུས་ལྡན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
ཆི་ཏི་སང་ཏེ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟ་ཁང་གི་ལྟོ་ལྷག་གཙང་བཟོའི་རྣམ་གྲངས་གནས་ཡུལ་ལྷ་ས་གྲོང་ཁྱེར་གྱི་དུས་ཐེངས་གཉིས་པའི་འཚོ་བའི་གད་སྙིགས་སྦས་ཡུལ་གྱི་འགྲམ་དུ་ཡོད་པ་དང་། གྲོང་མིའི་གནས་སྡོད་ཁུལ་དང་ཅུང་ཐག་རིང་བ། ཉེ་འཁོར་དུ་ཁོར་ཡུག་ཚོར་སྐྱེན་ཁུལ་དང་། ཆུ་ལོག་ཁུལ། གཙོ་གནད་རིག་དངོས་སྲུང་སྐྱོབ་ཁུལ་བཅས་མེད་པའི་ཁུལ་དུ་གཏན་འཁེལ་བྱས་ཡོད་པ་རེད། ལས་གྲྭ་དེར་ཟ་ཁང་གི་ལྟོ་ལྷག་ཉིན་རེར་ཏུན་80གཙང་སེལ་གྱི་ཇུས་འགོད་བྱས་ཡོད་པ་དང་གལ་ཏེ་ཉིན་དེ་རང་དུ་ཚད་དེ་ལས་བརྒལ་ཚེ་བཀོད་གཏོང་ལུགས་མཐུན་བྱེད་ཆོག་པ་དང་། སྒྲིག་ཆས་སྤྱོད་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཟ་ཁང་གི་ལྟོ་ལྷག་གཙང་སེལ་གྱི་རེ་བ་བསྐང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟ་ཁང་གི་ལྟོ་ལྷག་རྣམ་གྲངས་ཀྱིས་ཉེ་དུས་ལྷ་ས་གྲོང་ཁྱེར་དང་ཆུ་ཤུར་རྫོང་གི་ཟ་ཁང་གི་ལྟོ་ལྷག་གཙོ་གནད་ཐོག་མེད་པ་བཟོ་རྒྱུ་དང་སླད་ཕྱིན་ཉེ་འཁོར་ལ་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།
འགན་འཁུར་བ་དེས་ངོ་སྤྲོད་བྱས་པར་གཞིཌ་ན། རྣམ་གྲངས་དེ་ལས་གཉེར་བྱེད་འགོ་ཚུཌ་རྗེས་དུས་ཚོད་དང་གནས་གཏན་འཁེལ་ངང་ཟ་ཁང་གི་ལྟོ་ལྷག་བསྡུ་སྐྱེལ་བྱས་ནས་ཉིན་རེའི་ཟ་ཁང་གི་ལྟོ་ལྷག་ཉིན་རེར་གཙང་སེལ་ཐུབ་པའམ་ཡང་ན་ལས་སྒྲུབ་ཞབས་ཞུའི་བླང་བྱ་དང་འབྲེལ་ཡོད་ཚན་པའི་ཁ་ཆད་གཞིར་བཟུང་ཟ་ཁང་གི་ལྟོ་ལྷག་བསྡུ་སྐྱེལ་གྱི་དུས་ཚོད་དང་ཐེངས་གྲངས་གཏན་འཁེལ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་གི་ལྟོ་ལྷག་སྟབས་བདེའི་འཁོར་གསུམ་རྐང་འཁོར་དང་དོས་སྐྱེལ་རླངས་འཁོར་ཆུང་གྲས་ཀྱིས་དབོར་འདྲེན་བྱེད་ཀྱི་ཡོད་པ་རེད། དབོར་འདྲེན་བྱེད་པའི་བརྒྱུད་རིམ་ནང་ཟ་ཁང་གི་ལྟོ་ལྷག་ལམ་བར་དུ་འཛགས་ནས་གྲོང་ཁྱེར་གྱི་འགྲོ་ལམ་ལ་སྦགས་བཙོག་བཟོ་བ་དང་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་ཡི་ཡོད་པ་རེད།
རྣམ་གྲངས་དེ་བསྐྲུན་རྗེས་ཆི་ཏེ་སང་ཏེ་ཀུང་སིས་ཆེད་མངགས་ཀྱི་ཟ་ཁང་གི་ལྟོ་ལྷག་གད་སྙིགས་དབོར་འདྲེན་རླངས་འཁོར་སྤྱོད་རྒྱུ་ཡིན་ཞིང་། འགན་འཁུར་བ་དེས“ཟ་ཁང་གི་ལྟོ་ལྷག་ལ་ཆུ་འདུས་ཚད་མཐོ་བ་དང་ཆུ་འཛགས་སླ་བས་ང་ཚོས་སླད་ཕྱིན་ཆེད་མངགས་ཀྱི་ཟ་ཁང་གི་ལྟོ་ལྷག་དབོར་འདྲེན་རླངས་འཁོར་སྤྱོད་རྒྱུ་དང་དེ་ཁ་དམ་ལ་སྦགས་བཙོག་མེད་པ་ཞིག་ཡོད”ཅེས་བཤད་བྱུང་། གཞན་ཡང་འགན་འཁུར་བ་དེས་དབོར་འདྲེན་རླངས་འཁོར་ལ་ཁ་དམ་པའི་གད་སྙིགས་བཤོ་ཆས་བསྒར་ཡོད་པས་གད་སྙིགས་བཤོ་ས་དང་ཟ་ཁང་གི་ལྟོ་ལྷག་གཙང་སེལ་སྒྲིག་ཆས་དང་སྦྲེལ་མཐུད་ཐུབ་ནས་སྦགས་བཙོག་ཐེངས་གཉིས་པ་ཡོང་གི་མེད། ཟ་ཁང་གི་ལྟོ་ལྷག་གཙང་སེལ་ཁུལ་དུ་བསྐྱལ་རྗེས་ཟ་ཁང་གི་ལྟོ་ལྷག་བླུག་སྣོད་ཕྱེ་ནས་སྙིགས་རོ་འདོན་པ་དང་གཙོག་ཆུ་སྣུམ་སྙིགས་ལོགས་དབྱེའི་མ་ལག་ནང་འདོན་པས་རྗེས་མཐུད་མེད་པ་བཟོ་ཐུབ་ཀྱི་ཡོད། རླངས་འཁོར་ཐོག་ད་དུང་ཆུ་གཏོར་ཆས་བསྒར་ཡོད་པས་རླངས་འཁོར་ཐོག་གི་དྲེག་པ་གཙང་མ་བཟོ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།