དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་རིག་དངོས་སྲུང་སྐྱོབ་ཐད་ཚན་རྩལ་བྱ་ཐབས་སྤྱད་པས་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧན་ཅུན་ཅེ་དང་ཝང་ཅུའེ་ཡིས།   |     སྤེལ་དུས།  2016-08-09

    ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱ་ཡུལ་ཡིན་པའི་བོད་ལ་རིག་དངོས་རི་བོའི་གཏོས་དང་མཉམ་པ་ཡོད། བསྡོམས་རྩིས་ལ་གཞིགས་ན། ད་ཆ་བོད་ལ་སྤོ་མི་རུང་བའི་རིག་དངོས་4227ཡོད་པའི་ཁྲོད་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་55ཡོད། ཕོ་བྲང་པོ་ཏ་ལ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། འབྲས་སྤུངས་དགོན་སོགས་ཀྱི་ཐང་ག་དང་། ལྡེབས་རིས། དཔེ་རྙིང་ལ་སོགས་པ་རྣམས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་སྟབས་བོད་ཀྱི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་གྱུར་ཞིང་། ཉེ་ཆར། རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་རིག་དངོས་ཅུས་ཀྲང་ཚོགས་འདུ་ལྷ་སར་འཚོགས་ནས་བོད་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་སྔར་བས་ཡག་པོ་ཇི་ལྟར་བྱ་རྒྱུར་ཀུན་གྱིས་དོ་སྣང་བྱས་ཡོད།

    རིག་དངོས་ཞིབ་བཤེར་བྱས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ།

    ཕོ་བྲང་པོ་ཏ་ལའི་ལས་དོན་ཁང་ཞིག་ནང་ལས་དོན་པ་ཁྲེང་ཉི་མས“གཞི་གདན་ནག་པོའི་འཚེམ་དྲུབ་ཅན་གྱི་པ་ཊའི་རིས་ཀྱི་དམག་ཆས”བཏོན་ནས་དེའི་རིང་ཚད་དང་ཞེང་ཚད་འཇལ་རྗེས་ལྟེབ་ལེགས་པར་བརྩེགས་ཏེ་ལྗིད་ཚད་ལ་བཏེགས་པ་དང་འགྲམ་གྱི་ལས་རོགས་ཤིག་གིས་གྲངས་གཞི་དག་རྩིས་འཁོར་ནང་བཅུག་པ་རེད། “དེ་ནི་ཆིང་རྒྱལ་རབས་སྐབས་བོད་ས་གནས་སྲིད་གཞུང་གི་རིམ་པ་དང་པོའི་དྲག་དཔོན་གྱིས་གྱོན་པའི་དམག་ཆས་ཤིག་ཕལ་ཆེར་ཡིན་བཟོ་རེད”ཅེས་ཁྲེང་ཉི་མས་དེ་ལྟར་བཤད་ཅིང་། ཁོང་གིས་དེ་འདྲའི་དམག་ཆས་ཕོ་བྲང་པོ་ཏ་ལར་མི་ཉུང་བ་ཡོད་པ་དུས་ཚོད་སྔ་ཤོས་ཡོན་རྒྱལ་རབས་དུས་ཀྱི་ཡིན་པ་རེད་ཅེས་བཤད།

    “ཟླ་གསུམ་རིང་། བྲིས་ཐང་2000ལྷག་ཙམ་རྩིས་བཤེར་བྱས་པ་དག་གི་དུས་ཚོད་དང་། རལ་སྐྱོན། རྒྱུ་སྤུས་བཅས་ལ་གཞིགས་ནས་རིམ་པ་གཏན་འཁེལ་བྱས་ཡོད”ཅེས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཀུན་དགའ་བཀྲ་ཤིས་ཀྱིས་བཤད་ཅིང་། ཁོང་གིས་རིག་དངོས་དང་དཔེ་རྙིང་དེ་དག་ལ་ཚད་ལེན་དང་། པར་ལེན། ལྗིད་ཚད་འདེགས་པ་སོགས་ཀྱི་ལས་རིམ་བརྒྱུད་ཐོ་དེབ་བཟོས་ནས་ཤོག་བུའི་ཐོག་དཔྱད་གཞི་ཞིབ་གསལ་བཀོད་པ་མ་ཟད། པར་ལེན་ཡིག་ཚགས་ཆ་ཚང་ཞིག་ཀྱང་བཟོས་ཡོད། “ད་ཆ་ཕོ་བྲང་པོ་ཏ་ལར་རིག་དངོས་དང་དཔེ་རྙིང་ཁྲི་10ཡོད་པའི་ནང་དཔེ་རྙིང་བྲིས་མ་ཁྲི་6དང་། སྐུ་འདྲ་དང་། ཞལ་ཐང་། མཆོད་པའི་ཡོ་བྱད་སོགས་ཁྲི་4ཙམ་ཚུད་ཡོད”ཅེས་བཤད།

    “རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པ་དང་རྒྱལ་ཡོངས་ཀྱི་སྤོ་རུང་རིག་དངོས་ཡོངས་བཤེར་ཐེངས་དང་པོ་བྱས་པ་བརྒྱུད་ང་ཚོས་འབྲས་སྤུངས་དགོན་ལ་རིག་དངོས་ཇི་ཙམ་ཡོད་པ་སྤྱིར་ཤེས་རྟོགས་བྱུང་ཡོད”ཅེས་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛིན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་འབྲས་སྤུངས་དགོན་ལ་ཞལ་ཐང་དང་། དཔེ་ཆ། དཀར་ཡོལ། སྐུ་འདྲ་སོགས་ཀྱིས་གཙོས་རིག་དངོས་སྣེ་ཁ་8000ལྷག་ཙམ་ཡོད་ཅེས་བཤད།

    “ལོ་ལྔ་ཚན་དགུ་པའི”རིང་། སྒོར་དུང་ཕྱུར་3.8བཏང་ནས་ཕོ་བྲང་པོ་ཏ་ལ་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། ནོར་བུ་གླིང་ཁ་བཅས་ལ་ཉམས་བཟོ་བྱས་པ་ནས་བཟུང་། ལོ་20ཡི་རིང་ཀྲུང་དབྱང་གིས་བོད་ཀྱི་རིག་དངོས་སྲུང་སྐྱོབ་ལ་སྒོར་དུང་ཕྱུར་30ཙམ་བཏང་ནས་མྱུར་སྐྱོབ་རང་བཞིན་གྱི་ཉམས་བཟོ་སྲུང་སྐྱོང་ལས་གྲྭ་300ལྷག་ཙམ་སྤེལ་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་10.09བཏང་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་རྩ་ཆེན་དང་སྤྱི་པའི་རིག་གནས་སྒྲིག་ཆས་46ལས་འགོ་བརྩམས་ནས་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་ལ་ཆེད་དངུལ་སྒོར་ལྡབ་གཅིག་སྟེ་སྒོར་དུང་ཕྱུར་20ལས་མི་ཉུང་བ་བཏང་ཡོད་ཅེས་རིག་གནས་པུའི་ཏང་ཙུའི་ཁོངས་མི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་དེ་ལྟར་བཤད།

    སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་སྔར་ཡོད་རྣམ་པ་སོར་ཆུད་ཐུབ་པ་བྱས་པ།

    རིག་དངོས་ཇི་ཡོད་ཞིབ་བཤེར་བྱ་རྒྱུ་ནི་སྲུང་སྐྱོབ་དང་བེད་སྤྱོད་དེ་བས་ཡག་པོ་བྱ་ཆེད་ཡིན། བོད་ཀྱིས་རིག་དངོས་སྲུང་སྐྱོབ་བྱེད་རིང་། རིག་དངོས་རང་ལ་སྲུང་སྐྱོབ་དང་ཉམས་བཟོ་བྱ་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད།

    བོད་ཀྱི་ལོ་རྒྱུས་ཐོག་སངས་རྒྱས་ཆོས་དགེ་འདུན་གསུམ་ཚང་བའི་དགོན་སྡེ་དང་པོ་སྟེ། ལྷོ་ཁའི་གྲ་ནང་རྫོང་གི་བསམ་ཡས་དགོན་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཕྱག་བཏབ་པ་དང་རྒྱ་ནག་དང་། བོད། རྒྱ་གར་བཅས་ཀྱི་སྔོན་མའི་ཨར་སྐྲུན་ཁྱད་ཆོས་ལྡན་པས་བོད་ཀྱི་ཆབ་སྲིད་དང་། རིག་གནས། ཆོས་ལུགས་བཅས་ཀྱི་ལོ་རྒྱུས་ཐད་གལ་འགངས་ཤིན་ཏུ་ཆེན་པོར་གྱུར་ཡོད།

    ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་ཅུས་ཀྲང་བྱམས་པ་ཚེ་རིང་གིས་མ་དངུལ་སྒོར་ཁྲི་7700ཙམ་བཏང་བའི་བསམ་ཡས་དགོན་སྲུང་སྐྱོབ་དང་ཉམས་བཟོའི་ལས་གྲྭའི་འཆར་འགོད་ཀྱི་གོང་གི་དུས་ཐེངས་གཉིས་པའི་ལས་གྲྭ་སྔ་རྗེས་སུ་གྲུབ་པའི་ནང་གླིང་བཞི་དང་། ཟླ་བ་ལྷ་ཁང་། རྫོགས་ཆེན་ལྷ་ཁང་། སྤྱན་རས་གཟིགས་ལྷ་ཁང་བཅས་ལ་ཉམས་བཟོ་བྱས་ཡོད། འདི་ལོའི་ཟླ་4པར་ལས་འགོ་བཙུགས་པའི་དུས་ཐེངས་གསུམ་པའི་ཉམས་བཟོའི་ལས་གྲྭར་བསྡོམས་མ་དངུལ་སྒོར་ཁྲི་1100བཏང་སྟེ་དབུ་རྩེའི་ལྷ་ཁང་ཆེ་མོ་སྔར་ཡོད་ལྟར་ཉམས་བཟོ་གཙོ་བོར་བྱ་རྒྱུ་རེད་ཅེས་གསར་འགོད་པར་བཤད།

    ཚན་རྩལ་ལ་བརྟེན་ནས་སྲུང་སྐྱོབ་བྱས་པས་གསོན་ཉམས་དོད་དུ་སོང་བ།

    རིག་དངོས་རང་ལ་སྲུང་སྐྱོབ་བྱེད་གང་ཐུབ་བྱས་པ་ཕུད། བོད་ཀྱིས་སྔོན་ཐོན་གྱི་ལག་རྩལ་ནང་འདྲེན་བྱ་རྒྱུར་ཡང་མཐོང་ཆེན་བྱས་ཡོད། 2013ལོའི་ཟླ་7པར་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་གིས་མཉམ་ལས་བྱས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རིག་དངོས་ལ་ཆ་ལག་ཚང་ཞིང་གཅིག་གྱུར་གྱི་གྲངས་གཞིའི་མཛོད་འཛུགས་རྒྱུའི་ཐག་བཅད། ད་ཆ་སྐུ་འདྲ་དང་ཐང་གའི་གྲངས་གཞིའི་མཛོད་དང་ལྡེབས་རིས་ཀྱི་གྲངས་གཞིའི་མཛོད་བཙུགས་ཟིན་པས། སླད་ཕྱིན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དཀྱུས་ཞེང་དཔངས་གསུམ་གྱི་བར་སྟོང་མཛོད་བཙུགས་ཏེ་བཤིག་སྒྲིག་ཐུབ་པ་བྱས་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གནའ་བོའི་ཨར་སྐྲུན་རེ་རེ་བཞིན་མིག་ལམ་དུ་སྟོན་རྒྱུ་ཡིན་པ་རེད།

    དེ་སྔའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རྩིག་ལྡེབས་ནས་མཐོང་དཀའ་བའི་ལྡེབས་རིས་དག་གྲངས་གཞིར་བརྟེན་ནས་དབྱེ་གསེས་བྱས་པ་བརྒྱུད་དེའི་ཚོན་མདངས་དང་། བཅད། མི་སྣའི་ཉམས་དང་ཐ་ན་ལོ་མང་པོ་སོང་བའི་ཡི་གེའང་གསལ་པོར་མཐོང་ཐུབ་པ་བྱུང་ཡོད། རྩེར་སོན་གྱི་གྲངས་གཞི་བསྡུ་རུབ་བྱས་པ་བརྒྱུད་ཉམས་བཟོ་བྱེད་དགོས་པའི་ལྡེབས་རིས་ལ་སེར་ཁ་ཤོར་བའི་རིང་ཚད་དང་། ཞེང་ཚད། འགྱུར་བ་བཅས་ཤེས་ཐུབ། ལུའོ་ཝུན་ཧྭ་ཡིས་དཀར་ཆག་ཚང་མ་ཆེད་ལས་པས་ལེགས་སྒྲིག་བྱས་ནས་བྲིས་པ་ཤ་སྟག་ཡིན་སྟབས་ཁུངས་བཙན་པོ་ཡོད། “དེ་ནི་མིག་སྔར་རྒྱལ་ནང་གི་ཚད་གཞི་མཐོ་ཤོས་ཀྱི་གྲངས་གཞི་བསྡུ་རུབ་བྱེད་སྟངས་ཤིག་ཡིན་ལ། ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་རིག་དངོས་ལ་དེང་རབས་དང་བསྟུན་པའི་ལེགས་སྒྲིག་བྱེད་ཐེངས་དང་པོ་དེའང་ཡིན”ཞེས་བཤད།

    བོད་ནི་ཞལ་ཐང་གི་འབྱུང་གནས་ཤིག་ཡིན་པས་ཞལ་ཐང་གི་གྲངས་འབོར་རྒྱལ་ཡོངས་ནང་ཨང་དང་པོར་སླེབས་ཀྱི་ཡོད། “རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཚན་རིག་ཞིབ་འཇུག་རྟེན་གཞི་གཙོ་བོ་སྟེ། བོད་ཀྱི་མཉམ་འབྲེལ་ལས་དོན་ས་ཚིགས”ཞལ་ཐང་ལས་དོན་ཁང་ནང་ལས་དོན་པས་ལ་མན་སྐུད་འོད་དང་། Xའོད་འགྱེད་འཕྲོའི་ཡོ་བྱད། རྩ་གསུམ་བརྙན་ལམ་གྱི་ཕྲ་མཐོང་ཆེ་ཤེལ་སོགས་ཀྱིས་རལ་སྐྱོན་ཤོར་བའི་ཞལ་ཐང་སྟེང་གི་མཚོན་གྱི་གྲུབ་ཆ་དང་ཐོན་ཡུལ་དང་དེ་བཞིན་དར་གོས་གང་ལས་གྲུབ་པ་དང་རིགས་གང་དུ་རྟོགས་པ་སོགས་སྐོར་ཞིབ་ཕྲ་འགོད་བཞིན་པ་གསར་འགོད་པས་མཐོང་བྱུང་། “ད་ཆ་ཞལ་ཐང་དང་། གྱོན་ཆས། དར་གོས་བཅས་རིག་དངོས་བཅུ་གྲངས་ཁ་ཤས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཉམས་གསོ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད”ཅེས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་གཞོན་པ་ཟླ་སྒྲོན་གྱིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།