དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྒྱུན་སྤྱོད་ལུས་ཁམས་བདེ་སྲུང་གི་ཐབས་ལམ་སྟབས་བདེ་པོ་བཅུ་ཐམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-08-08

    སྐབས་གཉིས་པའི་ཀྲུང་ལུགས་གསོ་རིག་ཚན་རིག་ཚོགས་ཆེན་སྨྱན་བྱད་རྩེར་སོན་ཞིབ་བསྡུར་ཚོགས་འདུའི་སྟེང་དུ་ཆེད་མཁས་པས་བསྟན་དོན། རང་རྒྱལ་གྱིས་ཀྲུང་ལུགས་སྨན་པ་200ལྷག་ཙམ་བསྡུས་ནས། སྤྱི་དམངས་ཀྱིས་ཤེས་འོས་པའི་ཀྲུང་ལུགས་གསོ་རིག་གི་ལུས་གསོ་བདེ་སྲུང་ཤེས་བྱ་དོན་ཚན་42ཕྱོགས་བསྡུས་བྱས་ཤིང་། དེའི་ནང་དུ་བཏོན་པའི་རྒྱུན་སྤྱོད་ལུས་ཁམས་བདེ་སྲུང་གི་ཐབས་ལམ་སྟབས་བདེ་པོ་10ནི་ཁྱིམ་ཚང་དུ་སྦྱོང་བར་ཧ་ཅང་འཚམ་སྟེ།

    ① སོ་འཆའ་བའི་ཐབས།

    ཉིན་རེའི་ཞོགས་པར་གཉིད་སད་པའི་དུས་སུ། སོ་གོང་འོག་གཉིས་ཕན་ཚུན་འཆའ་བ་སྟེ། སྔོན་ལ་འགྲམ་སོ་ཐེངས་30ལ་འཆའ་བ་དང་། དེ་ནས་མདུན་སོ་ཐེངས་30ལ་འཆའ་དགོས། དེ་ལྟར་བྱས་ན་སོ་སྲ་བརྟན་ཡོང་བར་ཕན།

    ②ཁ་བཙུམ་ནས་དབུགས་སྙོམས་སྒྲིག་བྱེད་པའི་ཐབས།

    རྟག་པར་ཁ་བཙུམ་ནས་དབུགས་འབྱིན་རྔུབ་སྙོམས་སྒྲིག་བྱེད་པ་སྟེ། སྙོམས་ལྷོད་འཇམ་ཡང་གི་དབུགས་འབྱིན་རྔུབ་རྒྱུན་འཁྱོངས་བྱེད་པ།

    ③མིད་པ་རློན་པར་གཏོང་བའི་ཐབས།

    ཉིན་རེའི་ཞོགས་པར། ལྕེ་རྐན་ལ་སྦྱར་བའམ་ལྕེ་རྩེས་རྐན་བལྡག་པ་དང་། ཁ་ཆུས་ཁ་སྦུག་གང་བ་ན་ཁ་ཆུ་མིད་ཐེངས་འགའ་བྱས་ནས་མིད་དགོས། དེ་ལྟར་བྱས་ན་ཟས་འཇུ་བར་ཕན།

    ④ངོ་གདོང་འཕུར་བའི་ཐབས།

    ཉིན་རེའི་ཞོགས་པར། ལག་མཐིལ་གཉིས་འཕུར་ནས་ཚ་བོར་བཟོ་ལ། དེ་ནས་དཀྱིལ་མཛུབ་ཀྱིས་སྣ་གཞོགས་གཉིས་སུ་འོག་ནས་ཡར་དུ་འཕུར་བ་དང་། ཐོད་པར་སླེབས་དུས་ལག་ཟུང་ལོགས་གཉིས་སུ་གྱེས་པར་བྱས་ཏེ་འགྲམ་རྒྱུད་མར་ལ་འཕུར་ཞིང་། ཡང་དང་བསྐྱར་དུ་ཐེངས་10ལྷག་ཙམ་འཕུར་ཏེ། ངོ་གདོང་ཚ་བོ་ཆགས་ཚེ་མཚམས་བཞག་ཆོག དེ་ཡིས་ངོ་གདོང་འཇམ་ཞིང་འོད་མདངས་ལྡན་པར་བྱེད་ལ། དེར་མ་ཟད་ངལ་དུབ་ཀྱང་སེལ་བར་བྱེད་དོ།།

    ⑤སྐྲ་ཤད་པའི་ཐབས།

    མཛུབ་མོ་བཅུ་སྐྲ་གསེང་དུ་བཅུག་སྟེ། མཛུབ་མོས་སྐྲ་ཤད་པ་དང་། མདུན་ནས་རྒྱབ་ཏུ་མགོ་བོ་འཕུར་མཉེ་བྱེད་ཅིང་། ཐེངས་རེར་སྐྲ་ཤད་50ནས་100རྒྱག་དགོས། དེ་ལྟར་བྱས་ན་ཁྲག་རླུང་བསང་བ་དང་རིག་པ་དྭངས་གསལ་ཡོང་བར་ཕན།

    ⑥མིག་བསྐོར་བའི་ཐབས།

    མིག་གཉིས་གཡོན་ནས་གཡས་སུ་ཐེངས་10ལྷག་ལ་བསྐོར་བ་དང་། དེ་ནས་ཡང་བསྐྱར་གཡས་ནས་གཡོན་དུ་ཐེངས་10ལྷག་ལ་བསྐོར་ཞིང་། དེ་རྗེས་མིག་བཙུམ་ནས་ངལ་གསོ་ཅུང་ཙམ་བྱ། ཉིན་རེར་ཐེངས་4ནས་5བྱེད་དགོས། དེ་ལྟར་བྱས་ན་མཆིན་པ་གསོ་ཞིང་མིག་གསལ་བར་ཕན།

    ⑦རྣ་འཕུར་བའི་ཐབས།

    ལག་པ་གཉིས་ཀྱིས་རྣ་བ་བཀབ་ནས། མགོ་བོ་མར་སྒུར་ཡར་འགྱོག་ཐེངས་5ནས་7ཙམ་བྱ། དེ་ལྟར་བྱས་ན་ཀླད་པ་དྭངས་གསལ་དང་རྣམ་རྟོག་ཐན་ཐུན་འཕྲོ་བ་འཇོམས་པར་ཕན།

    ⑧རླུང་འདེགས་པའི་ཐབས།

    དབུགས་རྔུབ་པའི་དུས་སུ། ཤུགས་བརྒྱབ་ནས་འོག་སྒོ་དང་མཚན་དབྲག་མཉམ་དུ་ཡར་འདེགས་པ་དང་། ཅུང་ཙམ་འགོར་རྗེས། དབུགས་ག་ལེར་ཕྱིར་བཏང་ནས་མར་ལ་ལྷོད་འཇོག་བྱ། ཉིན་རེར་ཐེངས་5ནས་7ལ་བྱེད་དགོས། དེ་ལྟར་བྱས་ན་རླུང་གི་རྒྱུ་བ་ཐོགས་མེད་ཡོང་བར་ཕན།

    ⑨ལྟོ་བ་འཕུར་མཉེའི་ཐབས།

    ཟ་མ་ཟོས་ཐེངས་རེའི་རྗེས་སུ། ལག་མཐིལ་གྱིས་ལྟེ་བ་དཀྱིལ་སྙིང་དུ་བཟུང་ནས་ལྟོ་བ་ལ་གཡས་བསྐོར་དུ་འཕུར་མཉེ་ཐེངས་30ཡས་མས་བྱེད་དགོས། དེ་ལྟར་བྱས་ན་ཟས་འཇུ་བར་ཕན་པ་དང་གྲོད་ཁོག་སྦོས་པ་སེལ།

    ⑩རྐང་མཐིལ་འཕུར་མཉེའི་ཐབས།

    ཉིན་རེར་ཉལ་ཁར། མཐེ་བོང་གིས་རྐང་མཐིལ་ལ་གཡས་བསྐོར་དུ་འཕུར་མཉེ་ཐེངས་100བྱ་དགོས། དེ་ལྟར་བྱས་ན་རྐེད་ཚིགས་སྲ་མོ་ཡོང་བ་དང་མཁལ་མ་གསོ་བར་བྱེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།