དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་སྐྱེས་རྗེས་གཅིན་པ་གཏོང་ཁག་པོ་ཆགས་ན་ཐབས་ཤེས་གང་ཞིག་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-03

    སྦྲུམ་མ་མང་པོ་ཞིག་དང་ལྷག་པར་དུ་མངལ་ཐོག་མར་སྦྲུམ་མཁན་ནམ་སྐྱེ་རྒྱུན་རིང་དུ་ཕྱིན་པའི་སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་གཅིན་པ་གཏོང་དཀའ་བའི་མངོན་ཚུལ་འབྱུང་སྲིད། འགའ་ཞིག་ལ་ལྒང་པ་གཅིན་པས་ཁེངས་ནས་གཅིན་པ་གཏོང་འདོད་སྐྱེས་ཀྱང་གཅིན་པ་འབབ་མི་ཐུབ་པའམ་འབབ་ཐུབ་ཀྱང་ཐིགས་པ་རེ་གཉིས་ལས་ཚང་མ་འབབ་ཐུབ་ཀྱི་མེད།

    མངལ་སྦྲུམ་པའི་དུས་མཇུག་ལ་བུ་སྣོད་ཆེར་སོང་ནས་ལྒང་པ་གནོན་པ་དང་། ཕྲུ་གུ་སྐྱེ་སྐབས་ཕྲུ་གུའི་མགོ་བོས་ལྒང་པ་ཡུན་རིང་མནན་པས་ལྒང་པའི་ཤ་འགྲིམས་ལ་དེའི་ནང་གི་གཅིན་པ་ཚང་མ་ཕྱིར་གཏོང་ཐུབ་པའི་ཤུགས་ཚད་མེད། སྦྲུམ་མ་ཁ་ཤས་ཕྲུ་གུ་སྐྱེ་སྐབས་མཚན་མ་དབྲལ་བའི་གཤགས་བཅོས་བྱས་ན། གཅིན་པ་གཏོང་སྐབས་རྨ་ཁར་ན་ཟུག་གཏོང་གི་ཡོད་པས། དེའི་རྐྱེན་གྱིས་གཅིན་ལམ་གྱི་ཤ་འགྲིམས་འཆུས་པ་དང་། ད་དུང་སྦྲུམ་མ་ཁ་ཤས་ཉལ་ཁྲིའི་ཐོག་གཅིན་པ་གཏོང་སྲོལ་མེད་པས་ཕྲུ་གུ་སྐྱེས་རྗེས་གཅིན་པ་འབབ་དཀའ་བའི་ནད་ཐོན་སྲིད།

    ཕྲུ་གུ་སྐྱེས་རྗེས་ཀྱི་ཉིན་2ནས་5བར་ནི་བང་གསོའི་གཅིན་པ་འབབ་པའི་དུས་ཚོད་ཡིན་ཞིང་། སྦྲུམ་མར་རང་ཉིད་ཀྱིས་གཅིན་པ་གཏོང་རྒྱུའི་སྐུལ་ལྕག་གཏོང་དགོས། ཕྲུ་གུ་སྐྱེས་རྗེས་ཀྱི་ཆུ་ཚོད་4 ནང་གཅིན་པ་གཏོང་འདོད་མིན་ལ་མི་བལྟོས་པར་རང་འགུལ་གྱིས་གཅིན་པ་གཏོང་དགོས་པ་ལས་གཅིན་པ་ཡོད་པའི་ཚོར་སྣང་མ་སླེབས་བར་སྒུག་ནས་སྡོད་རྒྱུ་མེད།

    ཉལ་ཁྲིའི་ཐོག་གཅིན་པ་གཏོང་བའི་གོམས་གཤིས་མེད་པའི་སྦྲུམ་མར་ཙོག་པུར་སྡོད་པའམ་ཉལ་ཁྲི་ནས་བབས་ཏེ་གཅིན་པ་གཏོང་དགོས། དེ་དང་ཆབས་ཅིག་གཅིན་པ་གཏོང་སྐབས་ན་ཟུག་བཏང་ཡོང་སྙམ་པའི་ཞེད་སྣང་གི་བསམ་བློ་མི་ཡོང་བའི་ཐབས་ལ་འབད་དགོས། དེས་ན་གཅིན་པ་གཏོང་དཀའ་བའི་ནད་པས་གཤམ་གྱི་བྱེད་ཐབས་སྤྱོད་དགོས་པ་སྟེ།

    གཅིག ཆུ་ཚ་པོས་མཚན་མ་རླངས་བཀྲུས་བྱེད་པའམ་ཆུ་འཁོལ་དྲོད་འཇམ་གྱིས་མངལ་ལམ་གྱི་ཁ་བཀྲུ་བ། ཡང་ན་ཆུ་སྒྲ་ལ་བརྟེན་ནས་གཅིན་པ་འབབ་ཐབས་བྱ་དགོས། གཉིས། གསུས་སྨད་དབུས་སུ་ཆུ་དྲོད་འཇམ་གྱི་འགྱིག་རྐྱལ་བཞག་ནས་ལྒང་པ་འཁུམས་ནུས་ལ་སྐུལ་འདེད་བཏང་སྟེ་གཅིན་པ་འབབ་ཐུབ་པ་བྱེད་དགོས། གསུམ། གསེར་ཁབ་རྒྱག་པ། བཞི། གལ་སྲིད་གོང་གསལ་བྱ་ཐབས་ཚང་མས་ཕན་ཐོགས་མེད་ན་སྨན་པས་གཅིན་པ་འདྲེན་ཐབས་ལ་མནོ་བསམ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།