ཉིན་ཤས་གོང་། 2016ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ལྷ་སར་འབྱོར་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20ནས་སླེབས་པའི་དང་བླངས་པ་1400རང་ལྗོངས་སུ་དང་བླངས་ཞབས་འདེགས་ཞུ་བར་ཡོང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པའི་གཞི་ཁྱོན་རྒྱ་ཆེར་བཏང་རྗེས་དང་བླངས་པ་བོད་དུ་སྡོད་ཚད་མང་ཤོས་ཀྱི་ལོ་དང་པོ་དེ་རེད། རང་སྐྱོང་ལྗོངས་རྣམ་གྲངས་གཞུང་ལས་ཁང་གིས་ལྗོངས་ཏང་ཨུད་ཀྱི“དབུས་རྒྱུད་ཤར་རྒྱུད་ས་ཁུལ་གྱི་སློབ་ཆེན་ནས་སྐོང་བསྡུ་གཙོ་བོ་བྱ་རྒྱུའི”མཛུབ་ཁྲིད་བླང་བྱ་གཞིར་བཟུང་པེ་ཅིང་དང་། ཧྲན་ཏུང་། ཧོ་པེ་སོགས་དབུས་རྒྱུད་ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ཡི་མཐོ་སློབ་སློབ་ཐོན་སློབ་མ་སྐོང་བསྡུ་བྱས་ཏེ། ལྷ་སར་དུས་ཡུན་གཟའ་འཁོར་གཅིག་རིང་གི་གཅིག་སྡུད་གསོ་སྦྱོང་བྱས་རྗེས་དང་བླངས་པས་གཞི་རིམ་གྱི་གཞོན་ནུ་དོ་དམ་དང་། གཞི་རིམ་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཞིང་འབྲོག་ཚན་རྩལ། བཅའ་ཁྲིམས་རོགས་སྐྱོར་སོགས་ཆེད་དོན་གཞིར་བཟུང་། ལྗོངས་ཡོངས་ཀྱི་ལྗོངས་ཐད་གཏོགས་ཚན་པ་དང་ས་ཁུལ(གྲོང་ཁྱེར)7གྱི་གཞི་རིམ་ཚན་པ་ཁག་གཅིག་ཏུ་དང་བླངས་ཞབས་འདེགས་ཞུ་བར་མངགས་གཏོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ཟླ་བདུན་པར་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། སྡེ་ཚོགས་ལྗོངས་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག《སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་སྐྱེ་ཁུངས་ལྗོངས་ཕྱིའི་ཞབས་ཞུའི་རིང་གི་དང་བླངས་པ་བོད་སྡོད་ལས་དོན་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ་དང་། བོད་སྡོད་ཞབས་ཞུའི་དུས་ཚོད་ལོ་གཉིས་ཟིན་པའི་ནུབ་རྒྱུད་འཆར་གཞིའི་སྐྱེ་ཁུངས་ལྗོངས་ཕྱིའི་དང་བླངས་པ་དཔྱད་ཞིབ་བྱས་ནས་ཚད་ལོན་རྗེས་བོད་དུ་ལས་ཀ་བྱས་ནས་སྡོད་རྒྱུའི་རེ་ཞུ་བྱ་ཆོག་པའི་གཏན་འབེབས་བྱས་པ་དང་། ལོ་3རིང་དང་བླངས་པ་1000ལྷག་ཙམ་གྱིས་བོད་དུ་ལས་ཀ་བྱས་ནས་བསྡད་ཡོད་པ་རེད།