དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཞབས་ཞུའི་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-31

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། མིག་སྔར། བོད་ཀྱིས་ལྗོངས་ཡོངས་སུ་ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་353སྐྲུན་ཟིན་པ་དེས་ཤང་གྲོང་བསྡོམས་འབོར་གྱི་བརྒྱ་ཆ་ལྔ་བཅུ་ཡན་བཟུང་བ་དེ་ཐོག་ནས་བོད་དུ་གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཕྱིན་པ་མཚོན་ཡོད།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ། 2013ལོ་ནས་བཟུང་བོད་ཀྱིས་ཀྲུང་དབྱང་གིས་ཤང་གྲོང་རེར་སྤྲད་པའི་སྒོར་ཁྲི་50དེ་དག་བསྡུ་སྒྲིལ་བྱས་པ་དང་དེ་བཞིན་ས་གནས་དེ་གའི་ཆུ་བེད་དང་། ཞིང་འབྲོག་ཐིང་། ནགས་ལས། གནམ་གཤིས་ལས་ཁུངས་བཅས་སོ་སོས་ཤང་གྲོང་རེར་མ་དངུལ་སྒོར་ཁྲི་5རེ་བཀོད་སྒྲིག་བྱས་ནས་ཤང་གྲོང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལས་འགོ་བཙུགས་པ་དང་། ཆབས་ཅིག་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་མ་4000བསྡུས་ནས་གཞི་རིམ་ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་པར་བཏང་སྟེ་ཞིང་འབྲོག་ཚན་རྩལ་ཞབས་ཞུའི་ཐད་མི་ཤུགས་དང་དངོས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཡང་རྩེའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་མགྱོགས་མྱུར་བསྐྲུན་ཆེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་70.17བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་དང་། སྐྱས་སྤོས་འབྲོག་པ་གཞིས་ཆགས། ཤང་གྲོང་གི་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཞིབ་དཔྱད་མ་ལག་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་མང་དག་ཅིག་ལག་བསྟར་བྱས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་བཏང་ཡོད། འབྲུ་རིགས་དང་སྔོ་ཚལ་ཐོན་ཚད“ལོ་ལྔ་ཚན་བཅུ་གཅིག་པའི”ལོ་མཇུག་ལས་10.3%དང་19.8%སོ་སོར་འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལོ་མཇུག་བར་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པ་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་ཡོད་པ་དང་། ཞིང་འབྲོག་ལས་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་45.1%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”ལོ་མཇུག་ལས་བརྒྱ་ཆའི་གནས་5.1འཕར་ཡོད། “ལོ་ལྔ་ཚན་གསུམ་པའི”རིང་བོད་ཀྱིས་ད་དུང་ས་མ་འབྲོག་དང་འབྲོག་ལས་རྐྱང་པའི་ཤང་གྲོང་དུ་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་332བསྐྲུན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།