དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞིང་འབྲོག་ཁུལ་གྱི་དམའ་འབྲིང་རྩིས་རིག་སློབ་ཁྲིད་ཀྱི་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-29

    བོད་དུ་བསླབ་གཞི་གསར་པའི་སྒྱུར་བཅོས་བྱས་ནས་ལོ་ངོ་བཅུ་ཙམ་ཕྱིན་ཞིང་། དེའི་རིང་སློབ་གྲྭ་ཁག་གི་སློབ་ཁྲིད་སྤུས་ཚད་ཟམ་མི་ཆད་པར་ཇེ་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་བོད་ཀྱི་ཞིང་འབྲོག་ཁུལ་གྱི་རྩིས་རིག་གི་སློབ་ཁྲིད་སྤུས་ཚད་ཡག་ཏུ་སོང་ཡོད། ཡིན་ནའང་། ད་དུང་རྩིས་རིག་སློབ་ཁྲིད་ལ་འགྱུར་ལྡོག་གཏོང་དགོས་པའི་ཆ་མང་པོ་ཡོད་པར་སྣང་བས། འདིར་རང་ཉིད་ཀྱིས་ལོ་ངོ་བཅོ་ལྔ་ལྷག་ཙམ་དམའ་འབྲིང་རྩིས་རིག་ཁྲིད་པའི་མྱོང་བ་དང་སྦྲེལ་ནས་བྱ་ཐབས་འགའ་གླེང་བར་བྱའོ།

    དང་པོ། སློབ་མའི་རྩིས་རིག་སྦྱོང་བའི་མོས་པ་སྐྱེད་སྲིང་བྱེད་དགོས།

    མོས་པ་ནི་སློབ་མས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་སྦྱང་བྱའི་ཡུལ་དེར་སྦྱོང་འདོད་པའི་སེམས་བྱུང་ཞིག་ཡིན་པས་ན། ཚན་རིག་མཁས་ཅན་ཨེ་དབྱིན་སེ་ཐན་གྱིས“མོས་པ་ནི་དགེ་རྒན་ཨང་དང་པོ་དེ་རེད”ཅེས་མོས་པས་སློབ་སྦྱོང་བྱེད་པའི་ནང་ནུས་གལ་ཆེན་ཐོན་ཚུལ་བརྗོད་ཡོད། ཁོ་བོའི་མྱོང་བ་ལས། གཤམ་གྱི་བྱ་ཐབས་འདི་གསུམ་པོ་སྤྱད་ན། སློབ་མའི་སློབ་སྦྱོང་གི་དགའ་སྣང་ངམ་མོས་པ་སྐྱེད་སྲིང་ཐུབ་ལ། སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་མཐོ་རུ་འགྲོ་ཐུབ་པ་དེ་ཡང་།

    ⒈ སྐུལ་ལྕག་མང་ཙམ་བཏང་ནས་སློབ་མའི་སློབ་སྦྱོང་གི་མོས་པ་སྐྱེད་སྲིང་བྱེད་དགོས།

    མིག་སྔར་ཞིང་འབྲོག་ཁུལ་གྱི་སློབ་ཆུང་འགའ་རེར་དགེ་རྒན་འགའ་ཤས་ཀྱིས་སློབ་མའི་དོན་དངོས་ཀྱི་གནད་དོན་ལ་རྒྱུས་མངའ་དང་ཤེས་རྟོགས་གསལ་པོ་མ་བྱས་པར། རྩིས་རིག་སློབ་ཚན་འཚོག་སྐབས་སློབ་མས་མ་ཤེས་ན། ལམ་སེང་ཁོང་ཚོར་གཤེ་གཤེ་གཏོང་བ་སོགས་བྱེད་ཀྱི་ཡོད། དེ་ལྟར་བྱས་པས། མཐར་སློབ་མའི་རྩིས་རིག་ལ་སློབ་སྦྱོང་བྱེད་པའི་དགའ་ཞེན་དང་མོས་པ་ཡང་རིམ་བཞིན་ཉམས་ཏེ་དམའ་འབྲིང་ལོ་རིམ་བདུན་པ་ནས་སློབ་མ་འགའ་ཞིག་གིས་རྩིས་རིག་སྦྱོང་འདོད་མི་བྱེད་པ་དང་ཐ་ན་གཏན་ནས་མི་སྦྱོང་བའི་སྣང་ཚུལ་ཐོན་བཞིན་འདུག

    སློབ་ཁྲིད་ཀྱི་བརྒྱུད་རིམ་ནི་དགེ་སློབ་ཕན་ཚུན་བགྲོ་གླེང་བྱས་ནས་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས། དགེ་རྒན་གྱིས་རྒྱུན་དུ་སློབ་མ་དང་འབྲེལ་འདྲིས་གང་མང་བྱས་ཏེ་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ་མ་ཟད། སློབ་མའི་སློབ་སྦྱོང་གི་སེམས་ཤུགས་འཕེལ་རྒྱུར་ཡང་དག་པའི་ཁྲིད་སྟོན་བྱེད་དགོས། ལྷག་པར་དུ་དགེ་རྒན་གྱི་ཡ་རབས་བསམ་སྦྱོར་དང་། སློབ་མ་དང་ལས་ཀར་འཛིན་པའི་ཡང་དག་པའི་རྣམ་འགྱུར་ལས་སློབ་མའི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་བྱེད་དགོས། གང་ལགས་ཤེ་ན། དེ་ནི་སློབ་མས་དགེ་རྒན་གང་དེས་སློབ་ཁྲིད་གནང་བའི་སློབ་ཚན་ཡག་པོ་སྦྱོང་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ་ཁོང་ཚོའི་སློབ་སྦྱོང་གི་མོས་པ་སྐྱེད་སྲིང་བྱེད་པའི་འགག་གནད་ཅིག་ཀྱང་ཡིན།

    ⒉ལག་པ་མང་ཙམ་འགུལ་དུ་བཅུག་ནས་སློབ་མའི་སློབ་སྦྱོང་གི་དང་བ་འདྲེན་དགོས།

    བོད་རིགས་ནི་སྔར་ནས་རི་མོ་འབྲི་བ་དང་ཤིང་བཟོ་བརྐོས་དཀྲོལ་སོགས་ལག་ཤེས་ལ་ཤིན་ཏུ་མཁས་པའི་མི་རིགས་ཤིག་ཡིན་པས། ང་ཚོས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་སློབ་ཚན་གྱི་ནང་དོན་དང་ཟུང་འབྲེལ་བྱེད་གང་ཐུབ་བྱས་ནས་སློབ་ཚན་འཚོག་སྐབས་སློབ་མ་ལག་པ་འགུལ་ཐུབ་པའི་བྱེད་སྒོ་མང་ཙམ་འཆར་འགོད་བྱས་ཏེ་ཁོང་ཚོའི་སློབ་སྦྱོང་གི་དང་བ་འདྲེན་ཐབས་བྱེད་དགོས། ལྷག་པར་དུ་དབྱིབས་རྩིས་སློབ་ཁྲིད་བྱེད་སྐབས་རྒྱུན་དུ་ནས་སློབ་མ་སོ་སོས་ལག་པ་སྒུལ་ཏེ་རིས་དབྱིབས་ཀྱི་མ་དཔེ་དང་འདྲ་དཔེ་བཟོ་བའི་སྦྱོང་ཚན་བཀོད་སྒྲིག་བྱེད་དགོས། འདྲ་དཔེ་བཟོ་བའི་བརྒྱུད་རིམ་ནང་། སློབ་མས་དབྱིབས་རྩིས་ཀྱི་རིས་དབྱིབས་ལ་རྒྱུས་མངའ་ཟབ་མོ་ཞིག་ཡོང་བ་མ་ཟད། སློབ་མའི་དབྱིབས་རྩིས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་ཡང་སྐྱེད་སྲིང་བྱེད་ཐུབ་ཀྱི་འདུག དཔེར་ན། དམའ་འབྲིང་ལོ་རིམ་དགུ་པའི་སློབ་དེབ་སྟོད་ཆའི་ནང་དོན“སྙུང་རིལ་དབྱིབས”ཞེས་པའི་ནང་གཙོ་བོ་ནི་སློབ་མས་སྙུང་རིལ་དབྱིབས་དང་དེའི་བཀྲམ་རིས་དབར་གྱི་འགྱུར་བར་གོ་བ་ལེན་རྒྱུ་དེ་ཡིན། དོན་དངོས་ཐོག་དེ་ནི་ལངས་གཟུགས་ཀྱི་དབྱིབས་ཤིག་སྙོམས་ངོས་རིས་དབྱིབས་སུ་ཕབ་འགྱུར་བྱེད་པའི་གནད་དོན་ཞིག་རེད། འོན་ཀྱང་སློབ་མ་འགའ་རེའི་བར་མཐོངས་བསམ་གཞིག་གི་ནུས་པ་ཞན་པའི་རྐྱེན་གྱིས་དགེ་རྒན་གྱིས་བཤད་ཁྲིད་ཇི་ལྟར་བྱས་ཀྱང་། སློབ་མས་དེར་གོ་བ་ཟབ་མོ་ཞིག་ལེན་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཡིན་ན་ཡང་ང་ཚོས་སློབ་མའི་ལག་པ་འགུལ་པའི་ནུས་པ་དེ་་སྤྱད་ནས་སྔོན་ལ་སློབ་མ་སོ་སོས་ལག་པ་སྒུལ་ནས་སྙུང་རིལ་དབྱིབས་ཀྱི་མ་དཔེ་ཞིག་བཟོ་རུ་འཇུག་པ་དང་དེ་རྗེས་ཁ་འགྲེམ་དུ་འཇུག་དགོས། རིས་དབྱིབས་ཁ་འགྲེམ་པའི་བརྒྱུད་རིམ་ཁྲོད་དུ་སློབ་མས་སྙུང་རིལ་དབྱིབས་ཀྱི་བཀྲམ་རིས་དབྱིབས་ནི་རླུང་གཡབ་ཀྱི་དབྱིབས་ཡིན་པ་གསལ་པོར་ཤེས་པ་མ་ཟད། དེ་གཉིས་དབར་ལ་འགྱུར་བ་གང་ཕྱིན་མིན་ལ་མིག་མཐོང་ལག་ཟིན་ལྟ་བུ་བྱུང་བས་སློབ་མའི་སློབ་སྦྱོང་གི་མོས་པ་འཕེལ་ཞིང་སློབ་ཁྲིད་ཀྱི་ཕན་ནུས་ཀྱང་མངོན་གསལ་དོད་པོ་ཐོན་པ་ལྟ་བུའོ།

    ⒊ བསམ་བློའི་སློབ་གསོ་རྒྱག་དགོས།

    སློབ་ཁྲིད་ནི་དགེ་སློབ་དབར་གྱི་ཐུན་མོང་གི་བྱེད་སྒོ་ཞིག་རེད། གལ་ཏེ་དགེ་རྒན་ཞིག་གི་སློབ་ཁྲིད་ཀྱི་ནུས་རྩལ་ཇི་ལྟར་ཆེ་ནའང་། སློབ་མས་གཞོགས་འདེགས་མ་བྱས་ཚེ། སློབ་ཁྲིད་ཀྱི་ཕན་འབྲས་ཐོན་དཀའ་བས། ཐོག་མར་དགེ་རྒན་གྱིས་སློབ་ཚན་ཁྲིད་སྐབས་སློབ་མའི་ལུས་པོ་ཙམ་མ་ཟད། སེམས་པ་སློབ་ཁང་དུ་གནས་ཐུབ་པ་བྱེད་དགོས།

    རྣམ་ཀུན་སློབ་ཚན་འཁྲིད་སྐབས། སློབ་མ་འགའ་རེས་སློབ་སྦྱོང་བྱ་རྒྱུ་ནི་དགེ་རྒན་དང་ཕ་མའི་ཆེད་དུ་རེད་སྙམ་པའི་ལྟ་བ་ཞིག་ཁྱེར་ཏེ་སློབ་ཚན་འཚོག་སྐབས་བློ་རྩེ་གཅིག་ཏུ་འགྲིམས་ནས་སློབ་ཚན་མི་ཉན་པར་རྩེད་མོར་གཡེངས་ནས་སྡོད་ཀྱི་ཡོད། སློབ་སྦྱོང་གི་དམིགས་ཡུལ་གསལ་པོ་དེ་ཙམ་མེད་པའི་སློབ་མ་དེ་ཚོར་ཡང་དག་པའི་སློབ་སྦྱོང་གི་དམིགས་ཡུལ་ཞིག་འཛུགས་རྒྱུར་རོགས་རམ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཞིག་ཏུ་མངོན། དེས་ན་ང་ཚོས་སློབ་ཁྲིད་བྱེད་སྐབས་རྩིས་རིག་གི་ཤེས་བྱ་ཁོ་ན་སློབ་ཁྲིད་བྱེད་རྒྱུར་མགོ་འཁོར་ནས་མ་བསྡད་པར་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་ཟབ་མོ་ཕྲག་ཏུ་ཁུར་ཏེ་རྒྱུན་དུ་སློབ་མར་སློབ་སྦྱོང་ཡག་པོ་བྱེད་དགོས་ལུགས་དང་ཕུགས་བསམ་སྐོར་གྱི་སློབ་གསོ་གང་མང་རྒྱག་དགོས། དེ་ལྟར་བྱུང་ཚེ་སློབ་མས་སློབ་སྦྱོང་བྱེད་རྒྱུ་ནི་རང་ཉིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ནས་སློབ་སྦྱོང་ལ་དགའ་ཞེན་དང་རང་འགུལ་གྱིས་སློབ་སྦྱོང་ཧུར་ཐག་བྱེད་པས། ཁོང་ཚོའི་སློབ་སྦྱོང་གི་དང་བ་རང་བཞིན་དུ་འདྲེན་ཐུབ།

    གཉིས་པ། དགེ་རྒན་གྱིས་བསླབ་གཞིར་དཔྱད་ཞིབ་ཟབ་མོ་བྱེད་དགོས།

    མིག་སྔར་བོད་ལ་གཅིག་གྱུར་དུ་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་གནང་བའི་བསླབ་གཞི་དེ་ཁོ་ན་བེད་སྤྱོད་བྱེད་བཞིན་ཡོད། མ་གཞི་བསླབ་གཞིའི་རྩོམ་སྒྲིག་དང་ནང་དོན་བཀོད་སྒྲིག་ཐད་ཧ་ཅང་ཡག་པོ་ཡོད་རུང་། སློབ་ཚན་གྱི་ནང་དོན་ཁ་ཤས་བོད་རིགས་སློབ་མའི་རྩིས་རིག་གི་རྨང་གཞི་དང་འཚོ་བའི་གོམས་གཤིས་དང་མི་མཐུན་པའི་ཆ་འགའ་སྣང་བས། དགེ་རྒན་གྱིས་སློབ་ཚན་ཁྲིད་སྐབས་དགོས་ངེས་ཀྱི་ཁ་གསབ་དང་རྒྱས་བཤད་སོགས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་མཐོང་། “དགེ་རྒན་དང་སློབ་མས་གསར་གཏོད་རང་བཞིན་གྱི་སྒོ་ནས་བསླབ་གཞི་བེད་སྤྱོད་དང་། བསྐྱར་སྒྲིག དགོས་ངེས་ཀྱི་ཁ་གསབ་བཅས་བྱེད་ཆོག་ལ་བསླབ་གཞིའི་ནང་དོན་འཚོ་བ་ཅན་དང་ཞིབ་ཕྲ་ཅན་དུ་འགྱུར་བ་བྱེད་དགོས”ཞེས་བསླབ་གཞི་གསར་པའི་དགོངས་དོན་བཞིན་ང་ཚོས་སློབ་ཚན་ཁྲིད་སྐབས་བབ་བསྟུན་གྱི་བྱ་ཐབས་སྤྱོད་དགོས་ཀྱི་འདུག

    ⒈ བསླབ་གཞིའི་ནང་གི་གོ་དཀའ་བའི་ནང་དོན་སློབ་མའི་འཚོ་བ་དང་སྦྲགས་ནས་འགྲེལ་པ་རྒྱག་དགོས།

    ད་ལྟ་སྤྱོད་བཞིན་པའི་བསླབ་གཞིའི་ནང་དུ་སློབ་མའི་འཚོ་བའི་ཁོར་ཡུག་ནང་གོ་མ་མྱོང་བ་དང་མཐོང་མ་མྱོང་པའི་དངོས་པོ་དང་གནད་དོན་འགའ་ཞིག་ཡོད། དེ་རིགས་སློབ་མས་རྩིས་རིག་གི་ནང་དོན་ལ་གོ་བ་ལེན་པ་དང་། རྩིས་གཞི་འགྲོལ་བའི་དཀའ་གནད་དུ་གྱུར་བས་ན། སློབ་སྦྱོང་གི་གནོན་ཤུགས་ཀྱང་ཇེ་ཆེར་འགྲོ་བ་མ་ཟད། དེས་རྐྱེན་པས་སློབ་མ་འགའ་རེ་རྩིས་རིག་སྦྱོང་བར་སྤྲོ་བ་མེད་པ་དང་རྩིས་རིག་གི་སྦྱངས་འབྲས་ཞན་དུ་འགྲོ་གི་ཡོད། དེར་བརྟེན། “བསླབ་གཞིའི་ནང་དོན་གདམ་ག་བྱ་རྒྱུ་དེ་སློབ་མའི་དོན་དངོས་དང་བསྟུན་དགོས་ཤིང་། དེ་ནི་སློབ་མས་བསླབ་གཞིའི་ནང་དོན་ཉམས་ལེན་དང་གོ་བ་ལེན་པ། བསམ་གཞིག་དང་འཚོལ་དཔྱད་བཅས་བྱེད་པར་ཕན་པ་ངེས་ཅན་ཞིག་མཆིས”ཞེས《འོས་འགན་སློབ་གསོའི་རྩིས་རིག་བསླབ་ཚན་གྱི་ཚད་གཞིར》བསྟན་པ་བཞིན་ང་ཚོས་བསླབ་གཞིའི་ནང་གི་གོ་དཀའི་ནང་དོན་དག་སློབ་མའི་འཚོ་བ་དང་སྦྲགས་ནས་འགྲེལ་པ་རྒྱག་དགོས། དོན་དུའང་སློབ་ཁྲིད་ཀྱི་ལག་ལེན་ནང་དགེ་རྒན་མང་པོ་ཞིག་གིས་དེ་ལྟར་བྱེད་བཞིན་ཡོད་པས། ཚེགས་ཆུང་དོན་ཆེའི་དཔེ་མཚོན་དུ་འགྱུར་བཞིན་མཆིས།

    ⒉ བསླབ་གཞིའི་ནང་དོན་གྱི་སྔ་རྟིང་ལ་འོས་འཚམ་གྱིས་ཐག་གཅོད་བྱེད་དགོས།

    དམའ་འབྲིང་ལོ་རིམ་བདུན་པའི་སྟོད་ཆའི་ནང་གི་ལེའུ་གསུམ་པའི“རྒྱུ་གཅིག་ཐེངས་གཅིག་གི་མཉམ་བྱའི་འགྲོལ་ཐབས”ཞེས་པ་དཔེར་དྲངས་ནས་ཞུས་ན། བསླབ་གཞིར་ཐོག་མར་དོན་དངོས་ཀྱི་གནད་དོན་ཐོག་ནས་མཉམ་བྱ་འདྲེན་པ་དང་དེ་རྗེས་མཉམ་བྱའི་འགྲོལ་ཐབས་ངོ་སྤྲོད་བྱས་ཡོད། འོན་ཀྱང་སློབ་མ་འགའ་རེའི་རྒྱ་ཡིག་གི་ཆུ་ཚད་དམའ་བའི་རྐྱེན་གྱིས་དོན་དངོས་ཀྱི་གནད་དོན་ལ་མཉམ་བྱ་བཟོ་རྒྱུ་ནི་དཀའ་གནད་ཆེ་ཤོས་ཤིག་ཡིན། ང་ཚོས་བསླབ་གཞིའི་གོ་རིམ་ཇི་བཞིན་སློབ་ཁྲིད་བྱས་ཚེ། ཕ་རིའི་ལྕི་བ་མེད་པའི་ཁར་ཚུར་རིའི་སླེལ་པོ་ཡང་བརླགས་ཟེར་བའི་དཔེ་བཞིན་སློབ་ཁྲིད་ལ་ཕན་ནུས་དེ་ཙམ་ཐོན་གྱི་མི་འདུག དེར་བརྟེན་ང་ཚོས་སློབ་མའི་རྨང་གཞིར་བསྟུན་ཏེ་བསླབ་གཞིའི་ནང་དོན་གྱི་སྔ་རྟིང་ལ་འགྱུར་བ་ཞིག་བཏང་ནས་སྔོན་ལ་མཉམ་བྱའི་འགྲོལ་ཐབས་ཁོ་ན་སློབ་ཁྲིད་དང་། དེ་རྗེས་མཉམ་བྱ་སྤྱད་དེ་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་སློབ་ཁྲིད་བྱས་ཚེ། མ་མཐར་ཡང་སློབ་མས་རྒྱུ་གཅིག་ཐེངས་གཅིག་གི་མཉམ་བྱ་འགྲོལ་ཐུབ་པ་ལྟ་བུའོ།

    གསུམ་པ། གོ་བ་ལེན་དཀའ་བའི་གཙོ་གནད་ཀྱི་ཤེས་བྱ་ཁག་མན་ངག་གི་རྣམ་པའི་ཐོག་ནས་སློབ་ཁྲིད་བྱེད་དགོས།

    སློབ་ཁྲིད་ཀྱི་ཐབས་ཤེས་འདེམས་སྐབས་སློབ་ཁྲིད་ཀྱི་དམིགས་ཡུལ་དང་། ལས་འགན། སློབ་མ་དང་དགེ་རྒན་གྱི་གནས་ཚུལ། སློབ་ཁྲིད་ནང་དོན་གྱི་ཁྱད་ཆོས། སློབ་ཁང་གི་གནས་ཚུལ་བཅས་ལ་གཞིགས་ཏེ་འདེམས་སྒྲུག་བྱས་ནས་མཐར་སློབ་ཁང་སློབ་ཁྲིད་ཀྱི་ཕན་ནུས་གོང་མཐོར་གཏོང་རྒྱུ་དེ་ཡིན།

    ང་ཚོས་སློབ་མས་གོ་བ་ལེན་དཀའ་བ་དང་ཤེས་དཀའ་བའི་རྩིས་རིག་གི་གཙོ་ཆེའི་ནང་དོན་འགའ་ཞིག་མན་ངག་གི་རྣམ་པའི་ཐོག་ནས་སློབ་ཁྲིད་བྱ་རྒྱུར་ཡང་དོ་སྣང་བྱ་དགོས།

    དཔེར་ན། དམའ་འབྲིང་ལོ་རིམ་དགུ་པའི་སྨད་ཆའི་ནང་དོན“ཐེངས་གཉིས་རྟེན་འབྱུང་གྲངས་ཀྱི་ངོ་བོ”སློབ་ཁྲིད་བྱེད་སྐབས་གྲངས་དབྱིབས་ཟུང་འབྲེལ་གྱིས་སློབ་ཁྲིད་བྱེད་དགོས་པས། སློབ་མ་མི་ཉུང་བར་གོ་བ་ལེན་དུས་དཀའ་ངལ་འཕྲད་བཞིན་ཡོད། གལ་ཏེ་ང་ཚོས་རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་ཀྱི་ངོ་བོའི་ཁྱད་ཆོས་ལ་ཕྱོགས་སྡོམ་བྱས་ཏེ“གཡོན་སྤོས་སྡོམ་གཡས་སྤོས་འཐེན། སྟེང་སྤོས་སྡོམ་འོག་སྤོས་འཐེན”ཞེས་མན་ངག་བཟོས་ནས་སློབ་ཁྲིད་བྱས་ཚེ། སློབ་མས་ཤེས་བདེ་བར་འགྱུར། དཔེར་ན། རྟེན་འབྱུང་གྲངས་ཀྱི་རིས་དབྱིབས་དེ་སྔོན་ལ་xམདའི་གཡོན་ཕྱོགས་སུ་སྡེ་ཚན་1སྙོམས་སྤོས་བྱས་པ་དང་། དེ་རྗེས་yམདའི་འོག་ཕྱོགས་སུ་སྡེ་ཚན་2སྙོམས་སྤོས་བྱས་རྗེས་ཐོབ་པའི་རྟེན་འབྱུང་གི་རྩིས་ཕྲེང་འབྲི་དགོས་ཞེས་པའི་འདྲི་གཞི་འདིར་མཚོན་ན། གལ་སྲིད་ང་ཚོས་གོང་གསལ་གྱི་མན་ངན་སྤྱད་ཚེ་འདྲི་ལན་ལམ་སེང་འབྲི་ཐུབ་བོ།

    མདོར་ན། ཞིང་འབྲོག་ཁུལ་གྱི་དམའ་འབྲིང་རྩིས་རིག་སྦྱངས་འབྲས་མཐོ་རུ་གཏོང་དགོས་ན། ཐོག་མར་ང་ཚོས་སློབ་མའི་སློབ་སྦྱོང་གི་རྨང་གཞི་དང་སློབ་སྦྱོང་གི་རྣམ་འགྱུར། སློབ་སྦྱོང་གི་ཐབས་ཤེས་བཅས་ལ་རྒྱུན་མངའ་ཟབ་མོ་ཡོང་བ་བྱེད་པ་དང་དེ་རྗེས་རང་ཉིད་ཀྱི་སློབ་ཁྲིད་བྱ་ཐབས་དང་སློབ་ཁྲིད་ཀྱི་ལྟ་བར་འགྱུར་བ་བཏང་སྟེ་སློབ་མའི་བློ་དང་མཐུན་པའི་སློབ་ཁྲིད་བྱ་ཐབས་ཤིག་འཚོལ་དགོས། དེ་ལྟར་བྱས་ན། ཞིང་འབྲོག་ཁུལ་གྱི་སློབ་མའི་སྦྱངས་འབྲས་ཀྱང་ཡར་ངོའི་ཟླ་ལྟར་འཕེལ་ཏེ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རྒྱུ་གདོན་མི་ཟ་བ་ཞིག་རེད།

    (ལྷ་ས་སློབ་འབྲིང་དྲུག་པའི་བསོད་ནམས་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།