“མ་གཞི་གཟུགས་པོ་བདེ་ཐང་ཡོད་མེད་རང་ཉིད་དང་ཐད་ཀར་འབྲེལ་བ་ཡོད་ཀྱང་། སྲིད་གཞུང་གིས་ང་ཚོའི་གཟུགས་པོར་རིན་མེད་བརྟག་དཔྱད་བྱས་པ་མ་ཟད། ད་དུང་འགྲིམ་འགྲུལ་ཁ་གསབ་དང་ཞོགས་ཟས་སྤྲད་པ་ལས། ང་ཚོ་མི་སེར་ཚོ་སེམས་སུ་བཞག་པ་གང་ལེགས་མཚོན་ཐུབ”ཅེས་གཟུགས་པོར་བརྟག་དཔྱད་བྱས་མ་ཐག་པའི་ཨ་མ་དབྱངས་ཅན་གྱིས་བསྔགས་བརྗོད་བྱས།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ“བདེ་ཐང་ཁྲེང་ཀོན”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་དམངས་ཡོངས་ཀྱི་གཟུགས་པོར་རིན་མེད་བརྟག་དཔྱད་དང་དེ་བཞིན་བདེ་ཐང་ཡིག་ཚགས་བཟོ་བའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། མིག་སྔའི་བར། “ཁྱོན་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས། རིན་མེད་མཁོ་འདོན། རང་མོས་ལོངས་སྤྱོད། མང་ཚོགས་ལ་སྟབས་བདེ། ཐག་ཉེ་སར་གཟུགས་པོར་བརྟག་དཔྱད”བཅས་ཀྱི་རྩ་དོན་ལྟར། ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་གཟུགས་པོ་བརྟག་དཔྱད་ཚན་པའི་སྨན་དོན་མི་སྣས་ལས་དུས་བསྣར་ནས་མི་20369ཡི་གཟུགས་པོར་རིན་མེད་བརྟག་དཔྱད་བྱས་ཏེ་བརྟག་དཔྱད་ལས་འགན་གྱི་40.90%ལེགས་སྒྲུབ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་མི་ཚང་མར་གཞི་རྩའི་སྨན་བཅོས་ལོངས་སྤྱོད་དང་བདེ་སྲུང་གི་ཐོག་མའི་དམིགས་ཚད་མངོན་འགྱུར་བྱེད་ཆེད། ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ནུས་པ་འདོན་གང་ཐུབ་བྱས་པ་སྟེ། གཅིག་ནས“མི་རྩ་བར་བཟུང་ནས་ཞིབ་ཚགས་ལ་དམིགས་པའི”ལས་ཀའི་བྱེད་སྟངས་སྤྱད་པས། འགན་བཅོལ་ནང་ཞུགས་པའི་གྲོང་མིའི་ཧུར་སེམས་ཆེ་རུ་ཕྱིན་ཡོད། དེ་དང་དུས་མཚུངས་འདི་ལོ་གཟུགས་པོར་བརྟག་དཔྱད་བྱེད་པར་ཡོང་མཁན་གྲོང་མི་མང་ཚོགས་མི་རེ་ངོ་རེར་སྒོར་20ཡི་འགྲིམ་འགྲུལ་ཁ་གསབ་སྤྲད་པ་དང་འབྲེལ། ཇ་བསྲུབས་མ་དང་། ཇ་མངར་མོ། འོ་མ། མོག་མོག་སོགས་སྤྲད་པ་དང་། གཉིས་ནས་ལས་ཀ་བྱེད་སྟངས་བསྒྱུར་བས་འགན་ཞུགས་ཚན་པའི་གཟུགས་པོར་བརྟག་དཔྱད་བྱེད་པའི་སྤུས་ཚད་ལེགས་སུ་ཕྱིན་ཡོད། གཟུགས་པོར་བརྟག་དཔྱད་ཀྱི་སྤུས་ཚད་འགན་ལེན་བྱེད་ཆེད། འགན་ཞུགས་ཚན་པས“གཟུགས་པོར་བརྟག་དཔྱད་བྱེད་པའི་ནང་དོན་གྱི་འགན་འཁྲིའི་ལམ་ལུགས”ལག་ལེན་བསྟར་བ། གསུམ་ནས་ལན་རྒྱག་པ་དང་དྲིལ་བསྒྲགས་དང་སློབ་གསོ་སྤེལ་སྟངས་སྤྱད་པས། གྲོང་མི་མང་ཚོཊ་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
“གཟུགས་པོར་རིན་མེད་བརྟག་དཔྱད་བྱེད་པ་ནི་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དམིགས་ནས་ལག་ལེན་བསྟར་བའི་སྨན་བཅོས་གཟིགས་སྐྱོང་སྲིད་ཇུས་ཤིག་ཡིན་པས། སྔོན་འགོག་གཙོ་བོར་བྱེད་པའི་འཕྲོད་བསྟེན་ལས་ཀའི་བྱེད་ཕྱོགས་དོན་འཁྱོལ་དང་། ནད་ཡམས་ཚོད་འཛིན་ནུས་ལྡན། སྤྱི་པའི་འཕྲོད་བསྟེན་ཞབས་ཞུས་གྲོང་མིར་ཕན་འདོགས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ། གྲོང་མིའི་བདེ་ཐང་གནས་ཚུལ་ལེགས་སུ་གཏོང་བ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན། དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཁྲེང་ཀོན་ཆུས་འཕྲོད་བསྟེན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད་བྱུང་།