བང་ཚད་ནི་སྦྲུམ་མར་གནམ་གཤིས་ཚ་བ་དང་བརླན་གཤེར་བའི་ཁོར་ཡུག་འོག་གཟུགས་སྟོབས་ཉམས་པ་ལས་བྱུང་བའི་ལྟེ་བའི་དབང་རྩས་གཟུགས་པོའི་ཚ་ཚད་སྙོམ་སྒྲིག་ལ་འགོག་རྐྱེན་ཐེབས་པའི་མྱུར་བའི་རང་བཞིན་གྱི་ཚ་ནད་ཅིག་ཡིན།
སྔར་གྱི་གོམས་སྲོལ་ལ་སྦྲུམ་མར་རླུང་ཚད་མི་ཡོང་བའི་ཆེད། གནམ་གཤིས་ཚ་བ་ཤིན་ཏུ་ཆེ་བའི་དུས་སུ་ཡང་སྦྲུམ་མས་མགོ་ལ་ཨ་ཅོར་རམ་རས་དཀྲི་བ་དང་ལུས་ལ་གོས་རིང་དང་རྐང་ཤུབས་ཡུ་རིང་སོགས་གྱོན་པ་མ་ཟད། ནང་གི་སྒོ་ཡོལ་དང་ཤེལ་ཡོལ་བརྒྱབ་ནས་ཁང་པ་བུག་སུབ་དོག་པའི་དབང་གིས་སྦྲུམ་མར་ཚ་ནད་ཕོག་གི་ཡོད་།
ཚ་ནད་ཕོག་པའི་ཐོག་མའི་ནད་རྟགས་ནི་ཁ་སྐོམ་པ་དང་། རྔུལ་ཆུ་མང་བ། གཅིན་པ་སྙི་བ་དང་། ཆབས་ཅིག་མགོ་ཡུ་འཁོར་བ་དང་ཞེ་མེར་ལངས་པ། བྲང་ཁོག་བསྡམས་པ། སེམས་འཚབ་པ་བཅས་ཡིན། གལ་སྲིད་སྐབས་དེར་གྱོན་གོས་སྲབ་ཏུ་བཏང་ནས་མཁའ་རླུང་འཁོར་རྒྱུག་ལེགས་པའི་ས་ཆར་སྤོས་ཏེ་ཆུ་འཁོལ་ལ་ཚྭ་ཉུང་ཙམ་བརྒྱབ་ནས་བཏུང་ཚེ་ནད་གཞི་མགྱོགས་པོ་དྲག་སྐྱེད་ཡོང་གི་ཡོད། འོན་ཀྱང་གལ་སྲིད་སྦྲུམ་མར་དོ་ཁུར་དེ་ཙམ་མ་བྱས་ན་སྦྲུམ་མའི་ལུས་དྲོད་མཐོ་རུ་འགྲོ་བ་དང་། ངོ་གདོང་དམར་པོ་འགྱུར་བ། པཌ་པ་རྩུབ་ཏུ་འགྲོ་བ་བཅས་ནད་གཞི་ལྕི་རུ་འགྲོ་གི་ཡོད། ཚབས་ཆེ་བའི་སྐབས་སུ་སྦྲུམ་མའི་ལུས་དྲོད་ཏུའུ་གྲངས་40ལས་བརྒལ་ནས་ནད་གཞི་ལྕི་རུ་ཕྱིན་ཏེ་མགོ་ཡུ་འཁོར་བ་དང་། གྲོད་པ་བཤལ་བ། ཁྲག་ཤེད་དམའ་རུ་འགྲོ་བ་སོཌ་ཀྱི་སྣང་ཚུལ་ཐོན་གྱི་ཡོད། གལ་སྲིད་མྱུར་སྐྱོབ་ལམ་སེང་མ་བྱས་ན་སྦྲུམ་མ་ཁག་གཅིག་ལུས་ཟུངས་ཉམས་ནས་འཆི་བ་དང་། ཁག་གཅིག་མྱུར་སྐྱོབ་བྱས་ནས་འཚོ་ཐུབ་ཀྱང་ལྟེ་བའི་དབང་རྩར་གནོད་སྐྱོན་ཕོག་པས་མཇུག་ཏུ་ནད་རོ་ལྷག་སྲིད།
དེར་བརྟེན། ངེས་པར་དུ་སྦྲུམ་མ་བང་གསོའི་སྐབས་ཀྱི་བདེ་སྲུང་ལ་ཡིད་གཟབ་བྱེད་དགོས། དབྱར་དུས་སྡོད་གནས་སུ་མཁའ་རླུང་རྒྱུ་ཐུབ་པ་དང་། གྱོན་ཆས་སྟབས་བདེ་གྱོན་པ། ཆུ་མང་ཙམ་འཐུང་བ་བཅས་བྱེད་དགོས།