དང་པོ། བོད་ཡིག་ཡིག་གཟུགས་ཀྱི་བྱུང་འཕེལ་དང་ཁྱད་ཆོས་སྐོར།
ཡི་གེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བྱུང་བ་ཞིག་ཡིན་ལ། མི་རིགས་ཀྱི་བསམ་བློའི་འདུ་ཤེས་གོང་མཐོར་སོང་བའི་མཚོན་རྟགས་ཤིག་ཀྱང་རེད། རང་རེའི་བོད་དུ་ཡང་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་བསྟུན་ནས་དུས་རབས་བདུན་པའི་དུས་འགོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛངས་བློན་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ལཉྩ་ཛ་དང་ཝར་ཏུ་ལ་དཔེ་བྱས་ཏེ་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་སྲོལ་གཏོད་ཡོད། ཕྱིས་སུ་མཁས་དབང་རིམ་བྱོན་གྱིས་བསྲེགས་བཅད་བརྡར་བའི་དཔྱད་པ་གནང་སྟེ་དབུ་ཅན་དང་། དབུ་མེད། འབྲུ་ཚ། ཚུགས། ཚུགས་མ་འཁྱུག འཁྱུག་ཡིག་སོགས་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ་ཁྱད་ཅན་དེ་རྣམས་འབྲི་བའི་སྲོལ་རིམ་པར་བཏོད་དེ“སྦལ་ནག་ནགས་ལ་བགྲད་འདྲ”དང“སོ་ཕག་གཤིབ་འདྲ” “བྱ་ཕོ་འཇོལ་འདྲ”“ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམ་འདྲ” “མུ་ཏིག་སྟར་ལ་བརྒྱུས་འདྲ” “སྦུར་ནག་བགྲད་འདྲ” “ཉ་མོ་ཆུ་ནང་ནས་ཐོན་འདྲ” “སེང་གེ་གནམ་དུ་མཆོངས་འདྲ”སོགས་བོད་ཡིག་གི་འབྲི་གཟུགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད།
བོད་སྐད་ཡིག་སྦྱོང་སྤྱོད་བྱེད་པོ་ཚོས་ཡིག་ངོ་ཟིན་རྗེས་སྨྱུ་གུ་འཛིན་སྟངས་ཤེས་པའི་རྨང་གཞིའི་ཐོག་ཡི་གེའི་གཟུགས་དབྱིབས་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བསྟུན་ཏེ། ལག་བྲིས་དང་། སྐམ་བྲིས། སྒང་བྲིས། རློན་བྲིས་སོགས་ཐོག་མར་སྦྱང་ཤིང་ཐོག་བྲིས་ནས་བྱང་ཆ་ཐོན་ངེས་སྐབས་རིམ་པས་ཤོག་ཐོག་ཏུ་སྤོས་པ་བརྒྱུད་ཚད་ལྡན་ཁུངས་དག་གི་ཡིག་གཟུགས་ཤིག་འབྲི་ཐུབ་ཀྱི་ཡོད།
གཉིས་པ། དེང་སྐབས་སློབ་ཆུང་སློབ་མའི་བོད་ཡིག་ཡིག་གཟུགས་ཀྱི་གནས་སྟངས་དང་དེར་འཛིན་པའི་ལྟ་སྟངས།
སྦྱང་ཤིང་ནི་བོད་ཡིག་ཡིག་གཟུགས་སྦྱོང་བྱེད་ཀྱི་ཡིག་ཆས་བཟང་པོ་ཞིག་ཡིན། སྦྱང་ཤིང་འདི་བཞིན་དུས་ཇི་ཙམ་ནས་དར་མིན་མི་ཤེས་ཀྱང་སྦྱང་ཤིང་ནི་བོད་ཡིག་ཡིག་གཟུགས་སྦྱོང་བའི་བརྒྱུད་རིམ་ནང་གལ་ཆེའི་གནས་བབ་བཟུང་ཡོད། འོན་ཀྱང་། དེང་དུས་ཀྱི་སློབ་མར་ཡིག་ངོ་ཟིན་རྗེས་སྨྱུ་གུ་འཛིན་སྟངས་ཀྱི་ཤེས་བྱ་ཤེས་རུང་སྲོལ་རྒྱུན་ལྟར་ལག་བྲིས་དང་། སྐམ་བྲིས། སྒང་བྲིས། རློན་བྲིས་སོགས་ཚད་དང་མཐུན་པའི་ཡིག་གཟུགས་སྦྱོང་ཁོམ་མེད། གང་ལགས་ཤེ་ན། དེང་དུས་སློབ་མར་སློབ་ཆུང་ལོ་དྲུག་གི་འོས་འགན་སློབ་གསོའི་ཚད་འཛིན་ཡོད་པ་དང་། ཁོང་ཚོའི་སློབ་ཁྲིད་ཀྱི་ནང་དོན་མང་བས་སྲོལ་རྒྱུན་བཞིན་ས་ཐོག་ཏུ་བསྡད་ནས་སྦྱང་ཤིང་སྟེང་བག་ཕེབས་པོར་ཡིག་གཟུགས་སྦྱོང་བའི་ཁོམ་པ་མེད་ལ། སློབ་མའི་གཙང་སྦྲའམ་འཛིན་གྲྭའི་བཀོད་སྒྲིག་བཅས་ལ་སྦྱང་ཤིང་གིས་སྐྱོན་ཆེན་པོ་རྒྱག་གི་ཡོད་པར་བརྟེན་གནའ་སྲོལ་གྱི་ཡིག་གཟུགས་སློབ་ཐབས་འདི་དོར་དགོས་བྱུང་ཡོད། ཡིན་ནའང་། སྲོན་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སྦྱང་ཤིང་ཐོག་སྦྱོང་ཐབས་དེ་དོར་ན་སློབ་མའི་ཡི་གེ་བཟོ་མེད་དུ་འགྱུར་རྒྱུ་ཡིན་པ་མ་ཟད། ཚད་ལྡན་གྱི་ཡིག་གཟུགས་སྦྱོང་རྒྱུར་ཡང་སྐྱོན་ཚབས་ཆེན་རྒྱག་ངེས་ཡིན།
གསུམ་པ། ད་ལྟའི་སློབ་ཆུང་སློབ་མའི་བོད་ཡིག་ཡིག་གཟུགས་སློབ་སྟངས་སྒྱུར་བཅོས་བྱེད་དགོས་པའི་སྐོར།
གུས་མོས་སློབ་གསོའི་བྱ་གཞག་ལ་ཞབས་འདེགས་ཞུས་པའི་ལོ་ཡི་ཉག་མ་མང་པོའི་ནང་རང་ཉིད་ཀྱི་ཉམས་ཞིབ་དང་སློབ་མ་རེ་འགར་ཚོད་བགམ་ཅུང་ཟད་བྱས་པའི་མྱོང་བར། བོད་ཡིག་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་བསྟུན་ཏེ་དེའི་སློབ་ཁྲིད་བྱ་སྟངས་ཐད་སྒྱུར་བཅོས་ཕྲན་ཙམ་བྱས་ན་སྙམ་སྟེ།
གཅིག ལག་བྲིས་རྒྱུན་འཁྱོངས་བྱ་རྒྱུ།
ལག་བྲིས་སློབ་ཁྲིད་དེ་སློབ་ཆུང་གྲ་སྒྲིག་འཛིན་གྲྭའི་སློབ་གཉེར་གྱི་རེ་བ་ནན་པོ་དེ་ཡིན། བོད་ཡིག་འབྲི་དེབ་ཀྱི་ཐིག་འཛིན་ཤེས་བྱ་ཤེས་པ་བྱས་ནས་སློབ་བུ་རྣམས་སློབ་ཆུང་ལོ་རིམ་དང་པོར་མ་ཞུགས་གོང་ཀ་མད་སུམ་ཅུ་དང་། ལོག་པའི་ཡི་གེ་ལྔ། མཐུག་པོའི་ཡི་གེ་ལྔ་རྣམས་རྩ་བའི་ཆ་ནས་སྐྱོན་མེད་པ་འབྲི་ཤེས་པའི་རྗེས་ཡ་ར་ལ་ཝའི་འདོགས་ཅན་དང་ར་ལ་ས་གསུམ་གྱི་མགོ་ཅན་བཅས་གོ་རིམ་བཞིན་འབྲི་ཐུབ་པ་དང་། སྨྱུ་གུའི་སྦོམ་ཕྲ་དང་ཐིག་ཚད་ཀྱི་རེ་འདུན་དང་མཐུན་པའི་ལྟ་དཔེར་བལྟས་ཏེ་ཉིན་རེར་ཤོག་ལྷེ་རེ་རེ་གང་ལེགས་འབྲི་ཐུབ་ན་སློབ་བུ་རྣམས་སློབ་ཆུང་ལོ་རིམ་དང་པོར་སླེབས་སྐབས་ཡིག་གཟུགས་སྦྱོང་བར་རྨང་གཞི་ཅུང་ཟད་ཙམ་ཞིག་འདིང་ཐུབ་ངེས་རེད།
གཉིས། ཡིག་གཟུགས་སྦྱོང་རྒྱུར་རྒྱུན་དུ་སྐུལ་ལྕག་གཏོང་རྒྱུ།
གོང་གསལ་ལྟར་སློབ་ཆུང་གྲ་སྒྲིག་འཛིན་གྲྭ་ཐོན་རྗེས་ལོ་རིམ་དང་པོར་བོད་ཡིག་སློབ་ཚན་ཁྲིད་སྐབས་ཡིག་གཟུགས་གཙོ་བོར་བཟུང་ན་མི་ཁོམ་པ་མེད་ལ། བོད་ཡིག་ཡིག་གཟུགས་དེ་ཡང་སྦྱོང་དཀའ་བ་ཞིག་དང་སྦྱང་ཚར་རྒྱུ་མེད་པ་ཞིག་མ་ཡིན་པས་རྒྱུན་གཏན་ནས་ལྷོད་གཡེང་མེད་པར་དོ་སྣང་དང་དམ་འཛིན་བྱས་ན་དབྱར་གྱི་ཆུ་གཏེར་རྒྱས་པ་དང་དཔྱིད་ཀྱི་མེ་ཏོག་བཞད་པ་ལྟར་ཡག་ནས་ཡག་ཏུ་འགྲོ་རྒྱུར་ཐེ་ཚོམ་མེད། དེ་ནི《ཡིག་བཤད་མཁས་པའི་ཁ་རྒྱན》ལས། “མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། རྩོམ་ལ་མཁས་ཀྱང་སུག་འབྲི་མི་འབྱོར་ན། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ”ཞེས་གསུངས་པ་ལྟར་སུག་བྲིས་ལེགས་པོ་ཡོང་ཆེད་སློབ་ཆུང་དགེ་རྒན་གྱིས་ཡང་ནས་ཡང་དུ་བཀའ་སློབ་གནང་སྟེ་སློབ་མ་ཚོ་ཡིག་གཟུགས་སྦྱོང་རྒྱུར་དགའ་པོ་ཡོང་བ་བྱེད་དགོས་སོ།
གསུམ། འཛིན་གྲྭ་འཕར་བ་དང་བསྟུན་ནས་ཡི་གེའི་གཟུགས་དབྱིབས་ལ་འགྱུར་བ་གཏོང་དགོས།
འཛིན་གྲྭ་འཕར་བ་དང་རིམ་པ་བཞིན་བོད་ཡིག་འབྲི་དེབ་ཀྱི་ཐིག་བཞི་ཐིག་དེ་ཉུང་དུ་གཏོང་བ་དང་ཐིག་གསུམ་ཐིག་དེའང་རིམ་བཞིན་ཉུང་དུ་བཏང་ནས་ཐིག་ཉིས་ཐིག་ཅན་གྱི་ནང་དུ་དབུ་མེད་ཡིག་གཟུགས་ཚད་ལྡན་ཞིག་འབྲི་རུ་འཇུག་དགོས། སྦྱང་དེབ་ཐོག་རྒན་ལགས་ཀྱིས་དཔེ་བྲིས་ནས་ཐེངས་མང་རང་སྦྱོང་བྱེད་དུ་འཇུག་པ་དང་། རྒྱུན་གཏན་ཟིན་བྲིས་རྒྱག་སྐབས་དང་། སྦྱོང་ཚན་འབྲི་སྐབས་ཡིག་གཟུགས་ཚུགས་མ་ཤ་སྟག་འབྲི་དགོས་པའི་རེ་བ་འདོན་རྒྱུ་ནི་གལ་ཤིན་ཏུ་ཆེ་སྙམ། དེ་ནས་རིམ་བཞིན་སློབ་ཆུང་ལོ་རིམ་བཞི་པར་སླེབས་རྗེས་སློབ་ཁྲིད་ཀྱི་རྩ་བའི་གཞི་འཛིན་ས་བཞིན་སློབ་དེབ་ཀྱི་ནང་དོན་ལྟར་ཚུགས་མ་འཁྱུག་གི་ལྟ་ཀློག་རེ་བ་སྒྲུབ་ཐུབ་པའི་རྨང་གཞིའི་ཐོག་ཚུགས་མ་འཁྱུག་གི་ཐིག་རྒྱག་སྟངས་དང་། ཐིག་རྩ་ལེན་སྟངས། སྨྱུ་གུ་འཛིན་སྟངས། སྨྱུག་ཁ་བཅོས་སྟངས། ཡིག་གཟུགས་ཀྱི་སྡོད་སྟངས་སོགས་སྦྱོང་དགོས་པའི་རེ་བ་ནན་པོ་འདོན་དགོས། མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་གིས། ཡི་གེ་དག་སྙོམས་མཛེས་གསུམ་ལས། མ་དག་སྐྱེས་བུ་སྙིང་མེད་འདྲ། མི་སྙོམས་རྐང་ལག་འཁྱོར་བ་འདྲ། མི་མཛེས་གོས་ངན་གྱོན་པ་འདྲ་ཞེས་གསུངས་པ་ལྟར་ཡིག་གཟུགས་འབྲི་སྦྱོང་ལ་སློབ་མའི་བློ་ཡིད་འགུག་ཐབས་འཚོལ་བ་ལས་ལག་ལེན་དངོས་ནང་མང་ཙམ་སྦྱོང་བའི་རེ་བ་མ་བཏོན་ཚེ་སློབ་ལོ་འཕར་རུང་སློབ་མའི་འབྲི་བྱའི་ཡིག་གཟུགས་ནི་སྔར་བཞིན་ལུས་རྒྱུ་ཐེ་ཚོམ་གང་ཡང་མེད། མ་ཟད་སྔོན་མར་གོ་སྐབས་དམ་འཛིན་མ་བྱས་པར་ཕྱིས་ཛ་དྲག་ཆེ་བའི་དུས་སྐབས་སུ་སློབ་མར་དུས་ཚོད་འཁྱུག་ཙམ་ནང་ཡིག་གཟུགས་མང་པོ་ཞིག་ཁོང་དུ་ཆུད་ཐུབ་པ་དགོས་པའི་རེ་བ་འདོན་པ་སོགས་སློབ་མར་ཡིག་གཟུགས་སྦྱོང་བའི་དུས་ཚོད་བཀོད་སྒྲིག་ཡག་པོ་མ་བྱུང་ཚེ་སློབ་ཆུང་ལོ་དྲུག་གི་སློབ་གསོའི་གོ་རིམ་ནང་ན་ཆུང་བློ་གསར་རྣམས་ལ་མཛེས་སྡུག་རྣམ་པར་བཀྲ་བའི་བོད་ཡིག་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་རྟོགས་ཁག་པོ་ཡིན་ལ་སློབ་ཆུང་སློབ་གསོའི་བརྒྱུད་རིམ་ནང་ཤེས་བྱ་ཁག་བདེ་བླག་ངང་བློར་འཛིན་ཐུབ་ཐབས་བྲལ། མཁས་པའི་ཞལ་གཏམ་ལས་བོད་ཡིག་ཡིག་གཟུགས་སྦྱོང་སྐབས“སྔོན་ལ་ཨེ་ཤེས་བལྟོས། དེ་ནས་ཨེ་ཡག་བལྟོས། དེ་རྗེས་ཨེ་མགྱོགས་བལྟོས”ཞེས་གསུངས་པའི་དོན་གྱི་སྙིང་པོ་བཞིན་ང་ཚོས་བོད་ཡིག་ཡིག་གཟུགས་གང་འདྲ་ཞིག་སྦྱང་རུང་དང་ཐོག་ཤེས་པ་རྨང་གཞིར་འཛིན་རྒྱུ། དེ་ནས་གཟུགས་ཉམས་ལེགས་པོ་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ་དང་། མཇུག་ཏུ་སྨྱུག་རྩེ་མྱུར་པོར་འགུལ་ཐུབ་པ་བཅས་དགོས་པའི་གནས་ལུགས་ཟབ་མོ་བློ་གསར་བྱིས་པའི་ཚོགས་ཀྱིས་ཤེས་སུ་འཇུག་དགོས། དེ་ལྟར་བྱུང་ཚེ་སློབ་མ་ཚོར་རྒྱུན་དུ་ཡིག་གཟུགས་ལ་དོ་སྣང་བྱེད་པའི་གོམས་གཤིས་བཟང་པོ་འཇགས་ཐུབ་པ་དང་། རང་ཉིད་ཀྱིས་བྲིས་པའི་ཡིག་གཟུགས་ལ་ནམ་ཡིན་ཡང་ལྟ་འདོད་ཀྱི་མོས་པ་སྐྱེ་ཐུབ་ངེས་ལགས། ན་ཆུང་བློ་གསར་རྣམས་ཀྱིས་དེ་ལྟར་རང་རེའི་མེས་པོའི་ཕྱག་རྒྱུན་ལས་བརྒྱུད་སྤེལ་གནང་བའི་རྩ་ཆེའི་ཡིག་གཟུགས་ལ་དོ་སྣང་དང་རྒྱུན་འཛིན་ཐུབ་ཚེ་བོད་གངས་ཅན་གྱི་བླ་ན་མེད་པའི་ཡི་གེའི་གཟུགས་རིས་མཚར་པོ་འདི་ནམ་ཡིན་ཡང་འཛམ་གླིང་ཤེས་རིག་ནོར་བུའི་བང་མཛོད་ལས་སྒྱུ་རྩལ་གྱི་རིན་ཐང་ཟླུམ་གཟུགས་གོ་ལ་ཡངས་མོའི་ལུས་ཅན་མཐའ་དག་གི་འདྲེན་བྱེད་དབང་པོའི་གསོས་སུ་སྨིན་ངེས་ཡིན།
བཞི་པ། སློབ་མའི་སེམས་ཁམས་དང་མཐུན་པའི་ཐབས་ཤེས་སྤྱད་དེ་བོད་ཡིག་ཡིག་གཟུགས་རང་སྦྱོང་བྱེད་དུ་འཇུག་དགོས།
སློབ་ཆུང་གི་སློབ་མ་ནི་གཅིག་ནས་གཡེང་སེམས་ཆེ་ལ་རྩེད་མོར་དགའ་བ་དང་། གཉིས་ནས་བྱ་བ་གང་དང་གང་བྱས་རུང་མོས་པ་ཆེ་ལ་གྲུབ་འབྲས་ལ་རེ་འདོད་ཆེ་བ། གསུམ་ནས་རང་བརྩིའི་བསམ་པ་ཤུགས་ཆེ་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། རྒྱུན་དུ་སློབ་མར་ཡིག་གཟུགས་སྦྱོང་ཐབས་གཅིག་ཁོ་ན་སྤྱོད་རྒྱུ་མེད་སྙམ། གལ་ཏེ་དེ་ལྟར་བྱས་ཚེ་སློབ་མ་ཁ་ཤས་ཀྱི་ཡིག་གཟུགས་ལ་འཛིན་པའི་མོས་པ་ཉམས་དམས་སུ་སོང་ནས་སློབ་མའི་སྦྱོང་འདོད་ཀྱི་བསམ་པར་གནོད་སྐྱོན་ཚབས་ཆེན་ཕོག་ངེས་པས། ང་ཚོས་སྔོན་ལ་སློབ་མ་མི་རེ་ངོ་རེའི་ནང་བསམ་པའི་ཁྱད་པར་རྟོགས་པ་བྱས་ནས་སློབ་མ་སོ་སོའི་སེམས་ཁམས་དང་མཐུན་པའི་ཐབས་ཤེས་སྤྱོད་དགོས་ཏེ། རྒྱུན་དུ་ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་སློབ་མར་བྱ་ དགའ་སྤྲོད་པའི་བྱ་ཐབས་ཁྱབ་སྤེལ་ཐུབ་ན་སློབ་མའི་ཡིག་གཟུགས་ཀྱི་སྦྱངས་འབྲས་དང་ཡིག་གཟུགས་སྦྱོང་འདོད་ཆེ་བའི་སེམས་ཤུགས་གོམ་པ་མཉམ་འགྲོས་ངང་འཕེལ་ངེས་ལགས།
(ལྷ་ས་སློབ་ཆུང་དང་པོའི་བུ་མོ་སྤེན་པས)