ཕྲུ་གུ་སྐྱེས་རྗེས་ཀྱི་དུས་ཚོད་ངེས་གཏན་ནང་སྦྲུམ་མའི་མཚན་མ་ནས་ཟགས་ཐོན་དངོས་པོ་ཞིག་ཐོན་སྲིད། དེ་ནི་གསོ་རིག་ཐོག་ཁྲག་སྙིགས་ཟེར་བ་དེ་ཡིན། རྒྱུན་གཏན་གྱི་ཁྲག་སྙིགས་ལའང་སུན་སྣང་སྐྱེ་བའི་དྲི་ངེས་ཅན་ཞིག་ཁ་ཡི་ཡོད་ཀྱང་དྲི་ངན་པོ་དེ་ཙམ་མེད། ཕྲུ་གུ་སྐྱེས་རྗེས་དུས་ཚོད་མི་གཅིག་པའི་ནང་ཁྲག་སྙིགས་ཀྱི་མདོག་མི་མཚུངས་པས། ང་ཚོས་ལྟ་ཞིབ་བྱས་ནས་ཁྲག་སྙིགས་དེ་རྒྱུན་གཏན་ཡིན་མིན་ཤེས་རྟོགས་བྱ་དགོས།
གཅིག ཁྲག་ཤས་ཆེ་བའི་ཁྲག་སྙིགས། ཁྲག་སྙིགས་ནང་ཁྲག་མང་ཙམ་ཡོད་པས་མདོག་དམར་ལ་དྭངས་ཤིང་ཁྲག་རྡོག་ཆུང་བ། ཟླ་མཚན་ལས་ཅུང་མང་ཞིང་ཉིན་3ནས་4བར་རྒྱུན་མཐུད་རྗེས་ཁུ་ལྡན་ཁྲག་སྙིགས་ལ་འགྱུར་འགྲོ གལ་སྲིད་དུས་ཚོད་རིང་དྲགས་ན་བུ་སྣོད་སླར་གསོ་ཡག་པོ་མ་བྱུང་བའི་རྟགས་ཡིན།
གཉིས། ཁུ་ལྡན་ཁྲག་སྙིགས། ཁྲག་སྙིགས་ནང་ཁྲག་ཉུང་ཤས་ཡོད་ལ་མདོག་དམར་སྐྱ་ཡིན་པ་དང་། ཉིན་7ནས་20བར་རྒྱུན་མཐུད་ནས་བྱུང་ཞིང་། དེ་ནས་རིམ་བཞིན་མདོག་དཀར་བའི་ཁྲག་སྙིགས་ལ་འགྱུར་འགྲོ་བ་ཡིན།
གསུམ། མདོག་དཀར་བའི་ཁྲག་སྙིགས། ཕྲུ་གུ་སྐྱེས་རྗེས་གཟའ་འཁོར་2ཀྱི་རྗེས་ལ་ཁྲག་མེད་པས། ཁྲག་སྙིགས་དེ་དཀར་པོར་མངོན་ནས་གྲང་བ་དཀར་པོ་བཞིན་འགྱུར། འོན་ཀྱང་རྒྱུན་གཏན་གྱི་གྲང་བ་ལས་མང་ཞིང་གཟའ་འཁོར་2ནས་3བར་རྒྱུན་མཐུད་བྱས་རྗེས་གཙང་མར་འགྱུར་ངེས།
སྦྲུམ་མ་ཚང་མར་ཕྲུ་གུ་སྐྱེས་རྗེས་ཁྲག་སྙིགས་ཡོད། འོན་ཀྱང་མང་ཉུང་མི་འདྲ་བ་སྟེ་ཧ་ལམ་ཧའོ་ཧྲེང་250ནས་400བར་ཡིན། གལ་སྲིད་ཁྲག་སྙིགས་དོན་ཚད་ཉིན་རེ་བཞིན་མང་དུ་སོང་ཞིང་མདོག་ཉིན་རེ་བཞིན་དམར་པོར་འགྱུར་བ་མ་ཟད། རྒྱུ་སྨད་ན་བ་སོགས་བྱུང་ཚེ་ཕལ་ཆེར་བུ་སྣོད་སླར་གསོ་ཡག་པོ་མ་བྱུང་བའམ་བུ་སྣོད་ནང་ཕུང་གྲུབ་སྙིགས་རོ་ལུས་པས་ཡིན། གལ་སྲིད་ཟླ་གཅིག་ནང་ཁྲག་སྙིགས་གཙང་མ་མ་ཆགས་པ་དང་། དྲི་ངན་ཁ་བའམ་རུལ་དྲི་བྲོ་བ། ཡང་ན་གསུས་པ་ན་ཞིང་ཚ་བ་རྒྱས་ཚེ་ཧ་ལམ་བུ་སྣོད་ནང་གཉན་ཁ་ཡོད་པས་དུས་ཐོག་ཏུ་སྨན་ཁང་དུ་ཕྱིན་ནས་བརྟག་བཅོས་བྱེད་དགོས།