མིག་སྔར་བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་353བསྐྲུན་པ་དེས་ཤང་གྲོང་བསྡོམས་འབོར་གྱི་བརྒྱ་ཆ་ལྔ་བཅུ་ཡན་བཟུང་བ་དེ་ལས། བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བར་འཕེལ་རིམ་དངོས་བྱུང་བ་མཚོན་ཡོད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱས་པར། 2013ལོ་ནས་བཟུང་བོད་ལྗོངས་ཀྱིས་ཀྲུང་དབྱང་གིས་ཤང་གྲོང་རེར་སྒོར་ཁྲི་50བཏང་བ་དང་དེ་བཞིན་ཆུ་བེད་དང་། ཞིང་འབྲོག་ཐིང་། ནགས་ལས། གནམ་གཤིས་བཅས་སྡེ་ཚན་གྱིས་ཤང་གྲོང་རེར་མ་དངུལ་སྒོར་ཁྲི་5བཏང་བ་དེ་དག་བསྡུ་སྒྲིལ་བྱས་ནས། ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་རེད། དེ་དང་དུས་མཚུངས་འབྲིང་རིམ་ཆེད་ཚན་སློབ་མ་4000ལྷག་ཙམ་བསྡུས་ནས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་བྱེད་མཁན་མང་དུ་བཏང་སྟེ། ཞིང་འབྲོག་ཚན་རྩལ་ཞབས་ཞུའི་མི་ཤུགས་དང་དངོས་ཤུགས་མི་འདང་བའི་གནད་དོན་ཐག་གཅོད་བྱས་པ་རེད།
བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་སྟོབས་རྒྱལ་གྱིས“བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་བལྟོས་བཅས་ཀྱིས་འགོར་ཙམ་ཡོད་པས། ང་ཚོས་ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་དོན་ནི་འབྱུང་རྩ་དང་གཞི་རིམ་ནས་དམ་འཛིན་བྱས་ཏེ། ཞིང་འབྲོག་པའི་རྒྱུན་མཁོའི་ལག་རྩལ་གྱི་དགོས་མཁོར་དམིགས་ནས་ཞིང་འབྲོག་པར་ལག་རྩལ་གྱི་ཁྲིད་སྟོན་དང་དུས་བཀག་གསོ་སྦྱོང་སོགས་བྱེད་ཆེད་ཡིན། 2009ལོ་ནས་བཟུང་ལོ་ལྟར་གཞི་རིམ་གྱི་ཞིང་ལས་ལག་རྩལ་མཛུབ་ཁྲིད་པ་མི་ཐེངས་900ལ་གསོ་སྦྱོང་བྱས་པ་དང་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཁོངས་མི(སློབ་ཆེན་ཐོན་པའི་གྲོང་དཔོན)དང་དེ་བཞིན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་འགན་འཁུར་བ་200ལྷག་ཙམ་ལ་གསོ་སྦྱོང་བྱས་པ་ཡིན”ཞེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་ཡང་རྩེའི་ཁྱད་ལྡན་ཞིང་འབྲོག་ལས་ཐོན་རྫས་རྟེན་གཞི་སྐྲུན་མགྱོགས་སུ་གཏོང་ཆེད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་70.17བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་དང་། འབྲོག་པ་གཞིས་ཆགས། ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། ཞིང་འབྲོག་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཞིབ་བཤེར་མ་ལག་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་ལག་ལེན་བསྟར་བས། ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་བའི་གདིང་ཤུགས་ཆེ་རུ་ཕྱིན་ཡོད། འབྲུ་རིགས་དང་སྔོ་ཚལ་གྱི་ཐོན་ཚད“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་10.3%དང་19.8%སོར་སོར་འཕར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ལོ་མཇུག་བར་བོད་ལྗོངས་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཡོད། ཞིང་འབྲོག་ལས་ལ་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་45.1%ཟིན་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་5.1མཐོ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ད་དུང་ས་མ་འབྲོག་དང་འབྲོག་ལས་རྐྱང་པའི་ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་332སྐྲུན་རྩིས་ཡོད་པ་རེད།