སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་གཟུགས་སྟོབས་ཉམས་པ་ནི་རྒྱུན་གཏན་རེད། གལ་སྲིད་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ན་བང་གསོའི་སྐབས་སུ་བློ་བདེ་བག་ཕེབས་ངང་བསྡད་ཆོག
གྱོན་ཆས་ཐད། གྱོན་ཆས་དམ་པོ་དང་མང་པོ་གྱོན་མི་དགོས་པར་སྤྱིར་བཏང་གི་མི་དང་མཚུངས་པར་གྱོན་ཆོག་ལ། དྲོ་གྲང་རན་ཞིང་བདེ་པོ་བྱུང་ན་འགྲིག དབྱར་དུས་སྦྲུམ་མར་རྔུལ་ནག་དོན་མང་བས་ཆེ་ཤིང་རླུང་རྒྱུ་ཐུབ་པའི་སྲིང་བལ་སྟོད་ཐུང་གྱོན་དགོས། རྔུལ་ནག་གིས་འཚོས་རྗེས། ལམ་སེང་བརྗེ་བ་དང་གཟུགས་པོ་བཀྲུ་དགོས། གཟུགས་པོ་བཀྲུ་སྐབས་གྲང་རླུང་ལུས་ལ་ཐད་ཀར་མི་ཕོག་པ་བྱེད་དགོས། གལ་སྲིད་གྱོན་ཆས་མཐུག་དྲགས་པ་དང་། དམ་དྲགས་པ། ཕུ་ཐུང་རིང་པོ་གྱོན་པ། སྦྲུམ་མའི་གཟུགས་པོ་ཡུན་རིང་ཚ་དྲོད་ཆེན་པོར་བསྡད་པ་བཅས་བྱས་ཚེ། ལྟེ་བའི་དབང་རྩས་ལུས་དྲོད་ཚོད་འཛིན་ལ་འགོག་རྐྱེན་བཟོ་བར་ཚད་པ་ཕོག་པའི་ནད་ཀྱི་མངོན་རྟགས་འབྱུང་སླ་བའོ།
བཟའ་བཏུང་། སྦྲུམ་མའི་བཟའ་བཏུང་ནི་མ་བུའི་བདེ་ཐང་ལ་འབྲེལ་བ་ཡོད་པས། ངེས་པར་དུ་དོ་ནན་གནང་དགོས། ལྷག་པར་དུ་ཕྲུ་གུ་སྐྱེས་མ་ཐག་ཁྲག་ཤོར་བ་དང་། དཀའ་ལས་ཁག་དྲགས་པ་སོགས་ཀྱིས་རྐྱེན་པས་དང་ག་ཉམས་སྲིད་པས། དེའི་སྐབས་འཇུ་སླ་བའི་བཟའ་བཏུང་གཙོ་བོར་སྟེན་དགོས་ཤིང་། སྤྲི་དཀར་དང་ཞག་ཚིའི་རིགས་ཕུན་སུམ་ཚོགས་པོ་ཡོད་པའི་ཟས་རིགས་རིམ་པས་མང་དུ་གཏོང་དགོས། དེ་དང་ཆབས་ཅིག་བཅུད་ཡོད་པའི་ཐང་བཏུངས་ནས་ཟས་ཀྱི་དང་ག་འཕེལ་བ་བྱེད་དགོས་ལ། ཚལ་རིགས་དང་ཤིང་ཏོག་རིགས་མང་ཙམ་བཟའ་དགོས། སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་འཚོ་བཅུད་མཁོ་ཚད་ཆེ་རུ་སོང་ཡང་། འོན་ཀྱང་ཕོ་རྒྱུའི་བྱེད་ནུས་སླར་གསོ་བྱུང་མེད་པས་ཟས་ཉུང་ལ་ཐེངས་མང་ཙམ་བཟའ་དགོས།
སྡོད་གནས་ཐད། ཕྲུ་གུ་སྐྱེས་རྗེས་སྡོད་སའི་ཁང་པ་གུ་ཡངས་ལ་དཀར་ཆ་དོད་པོ་དགོས་པ་ལས། གུ་དོག་ཅིང་འོད་མདངས་མེད་པ་དང་། སྒོ་དམ་པོར་རྒྱག་པ་སོགས་བྱ་རྒྱུ་མེད། ད་དུང་ཤེལ་སྒོ་འབྱེད་རྒྱུ་རྒྱུན་འཁྱོངས་དང་ཁང་པའི་ནང་མཁའ་རླུང་རྒྱུ་བ་དང་ཁང་པའི་དྲོད་ཚད་འཚམ་པོ་རྒྱུན་འཁྱོངས་བྱུང་ཚེ། དུག་སྲིན་སྐྱེ་འཕེལ་དང་གཉན་ཁ་རྒྱས་ཚད་ཉུང་དུ་འགྲོ་ཐུབ། སྦྲུམ་མ་དྲོད་ཚད་མཐོ་ཞིང་གུ་དོག་པའི་ཁོར་ཡུག་ཏུ་རྔུལ་ནག་དོན་དུ་འཇུག་རྒྱུ་མེད། དེ་ལས་ལྡོག་ཚེ་བང་ཚད་སྐྱེས་ནས་སྲོག་ལའང་ཉེན་ཁ་ཡོད་དོ།