“བུ་ཕྲུག་སློབ་གྲྭར་བསྐྱལ་ན་སློབ་ཡོན་སྤྲོད་མི་དགོས་པ་མ་ཟད་ལྟོ་ཆས་ལའང་རིན་ལེན་གྱི་མི་འདུག་པས་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་དེ་འདྲ་མེད་པའི་ངའི་འགྲོ་གྲོན་ཆེན་པོ་ཞིག་གྲོན་ཆུང་ཐུབ་སོང” སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ཆ་ནས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གི་ཞིང་པ་སྒྲོལ་དཀར་གྱིས“མི་རབས་འདིའི་བྱིས་པ་ཚོ་སྐྱིད་པོ་ཞེ་དྲག་རེད། ཉིན་ལྟར་སློབ་གྲྭའི་སྒོ་ཁ་ནས་བྱིས་པའི་དཔེ་ཀློག་གི་སྒྲ་གོ་ཡོང་དུས་ངའི་སེམས་པ་ཡང་དགའ་ལྷང་ལྷང་ཞིག་ཆགས་ཡོང་གི་འདུག”ཅེས་བཤད་པ་རེད།
“འགན་ལེན་གསུམ”གྱི་སློབ་གསོའི་སྲིད་ཇུས་ནི་རྒྱལ་ཁབ་ཀྱིས་བོད་ལ་ཆེད་དུ་དམིགས་ནས་བཟོས་པའི་མི་རིགས་སློབ་གསོའི་སྲིད་ཇུས་དམིགས་བསལ་ཅན་ཞིག་ཡིན། 1985ལོ་ནས་བཟུང་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཚོར་རིན་མེད་འོས་འགན་སློབ་གསོ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག“ལྟོ་ཆས་དང་། ཞག་སྡོད། སློབ་སྦྱོང་གི་གྲོན་དངུལ་བཅས་འགན་ལེན་བྱེད་པའི”“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་རེད། སྲིད་ཇུས་དེ་ལག་བསྟར་བྱས་ཚུན་འགན་ལེན་གྱི་ཚད་གཞི་སྔ་རྗེས་སུ་ཐེངས་10ལྷག་ཙམ་ལེགས་སྒྲིག་བྱས་མྱོང་ཡོད་པ་རེད། ད་ཆ་1985ལོའི་སྲིད་ཇུས་བཟོས་མ་ཐག་སྐབས་ཀྱི་སློབ་ཆུང་ལ་སྒོར་274 རེ་དང་སློབ་འབྲིང་ལ་སྒོར་310 རེ་དང་། མཐའ་མཚམས་རྫོང་དང་ཤང་གི་སློབ་ཆུང་ལ་སྒོར་304 རེ་དང་སློབ་འབྲིང་ལ་སྒོར་330 རེ་ནས་2015ལོའི་ས་ཁུལ་རིགས་གཉིས་པར་སྒོར་2900 རེ་དང་། ས་ཁུལ་རིགས་གསུམ་པར་སྒོར་3000 རེ། ས་ཁུལ་རིགས་བཞི་པའམ་མཐའ་མཚམས་རྫོང་ལ་སྒོར་3100 རེའི་བར་དུ་མཐོ་རུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་འགྲོ་གྲོན་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱང“དབྱེ་ཡོད་པའི་འགན་ལེན”ནས“ཡོངས་སུ་ཁྱབ་པའི་འགན་ལེན”དུ་གྱུར་ནས་འགན་ལེན་བྱེད་ཁོངས་100%ཟིན་ཡོད་པ་རེད།
“འགན་ལེན་གསུམ”གྱི་གྲོན་དངུལ་མང་དུ་དང་ཁྱབ་ཁོངས་ཆེ་རུ་ཕྱིན་པ་ནི་རང་ལྗོངས་ཀྱི་སློབ་གསོའི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་བས་ཡིན། དུས་རབས་གསར་པར་སླེབས་ཚུན་དུ། རང་ལྗོངས་ཀྱི་སློབ་གསོའི་ཐད་ཀྱི་འགྲོ་གྲོན་གཏོང་ཤུགས་བསྟུད་མར་ཆེ་རུ་ཕྱིན་ཡོད། འབྲེལ་ཡོད་གྲངས་གཞིའི་ཐོག་མངོན་པར་གཞིགས་ན། ནོར་སྲིད་ཀྱིས་སློབ་གསོའི་ཐད་2010ནས་2015ལོའི་བར་དུ་རིམ་བཞིན་མ་དངུལ་སྒོར་དུང་ཕྱུར་62.59 དང་། སྒོར་དུང་ཕྱུར་80 སྒོར་དུང་ཕྱུར་95.4 སྒོར་དུང་ཕྱུར་110 སྒོར་དུང་ཕྱུར་135 སྒོར་དུང་ཕྱུར་157བཅས་བཏང་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་639.99ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད། གཞན་ཡང་། སློབ་གསོའི་གཞི་རྩའི་འཛུགས་སྐྲུན་ཐད་ཀྱི་འགྲོ་གྲོན་གཏོང་ཤུགས་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་སྒོར་དུང་ཕྱུར་40 ནས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་སྒོར་དུང་ཕྱུར་117.89 བར་འཕར་ཡོད་པ་རེད།
སློབ་གསོའི་གྲོན་དངུལ་ཐད་ཀྱི་འགྲོ་གྲོན་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེས་རང་ལྗོངས་ཀྱི་སློབ་གསོ་སྔར་བས་མགྱོགས་ལ་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་བསྣན་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་གི་གྲངས་འབོར་119 ནས་882 ལ་འཕར་ནས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་61.47%ཟིན་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཞུགས་བརྟན་དུ་གཏོང་ཚད་སྔར་བས་མཐོ་རུ་ཕྱིན་ནས། མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་ཐུབ་ཚད་74.47%ཟིན་པ། ལྗོངས་ཡོངས་ཀྱི་རྫོང་20ལ་རྒྱལ་ཁབ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཚོད་སྐོར་རྩིས་ལེན་བྱུང་ནས་གཞི་རྩའི་ཆ་ནས་དོ་སྙོམས་ཡོད་པའི་རྫོང(ཆུས)གིས་27%ཟིན་པ། དེང་རབས་ལས་རིགས་སློབ་གསོའི་འགོ་ཡག་པོ་ཚུགས་ཤིང་། མཐོ་རིམ་སློབ་གསོའི་ཐད་འབུམ་རམས་པའི་སློབ་གནས་སྤྲོད་པའི་ཚན་པ་གཅིག་ཀྱང་མེད་པའི་གནས་ཚུལ་མཇུག་བསྒྲིལ་ནས། སློབ་གཉེར་རིམ་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། མི་རིགས་རིག་གནས་དང་ས་མཐོའི་ཚན་རྩལ་གཉིས་ཀྱི་ཁྱད་ལྡན་བསླབ་ཚན་བཏོད་པ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། ལྗོངས་ཡོངས་སུ“གྲོང་གསེབ་ཀྱི་དགེ་རྒན་ཡག་ཤོས”སུང་ཡུས་ཀང་གིས་མཚོན་པའི་དཔེ་ཁྲིད་གཤིས་སྐྱོང་གི་དཔེ་བཟང་བ་མང་པོ་ཞིག་ཐོན་ནས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་རོགས་དངུལ་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། 2012ལོར་རང་སྐྱོང་ལྗོངས་ཀྱིས་ཁྱིམ་ཚང་སྐྱོ་པོའི་ཉིན་གང་ལམ་ལུགས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ། ལོ་རེར་རོགས་དངུལ་སྒོར་5000 རེ་སྤྲོད་རྒྱུ་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། རོགས་དངུལ་སྲིད་ཇུས(རྒྱལ་ཁབ་རིགས་ཀྱི་སྲིད་ཇུས་ཀྱང་ཚུད་ཡོད)དང་རྣམ་གྲངས་37 བཟོས་ནས་བཏོན་ཏེ། སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་དུས་མཚམས་དབར་ཚང་མར་ཁྱབ་པའི་རོགས་དངུལ་སྤྲོད་པའི་མ་ལག་བཙུགས་ཡོད་པ་རེད།
སློབ་གསོའི་དམངས་ཕན་སློབ་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་རང་ལྗོངས་ལ་ཤེས་ཡོན་དང་། རིག་གནས། ཕུགས་བསམ་བཅས་ལྡན་པའི་བོད་གསར་འཛུགས་སྐྲུན་བྱེད་མཁན་ཁག་མང་པོ་གསོ་སྐྱོང་བྱས་ཡོད་པ་རེད།
མངའ་རིས་ས་ཁུལ་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཀྱི་བུ་མོ་གཉིས་ནི་སློབ་གསོའི་དམངས་ཕན་སློབ་ཕན་སྲིད་ཇུས་ཀྱིས་གསོ་སྐྱོང་བྱས་པའི་ཁྲོད་ཀྱི་དཔེ་མཚོན་བ་རེད། བཀྲ་ཤིས་ཀྱིས། བུ་ཕྲུག་ཆུང་དུས་ཁྱིམ་ཚང་ཧ་ཅང་སྐྱོ་པོ་ཡིན་པས། གལ་སྲིད་རྒྱལ་ཁབ་ཀྱིས་སློབ་གསོ་འགན་ལེན་མ་བྱས་ཚེ་ངའི་བུ་མོ་གཉིས་ཀས་སློབ་གྲྭ་འགྲིམས་མི་ཐུབ་ཀྱང་སྲིད། སློབ་ཆུང་ནས་མཐོ་འབྲིང་བར་དུ་བུ་མོ་གཉིས་ཀར་དངུལ་གཏོང་མྱོང་མེད། ནང་སའི“བོད་ལྗོངས་འཛིན་གྲྭ”འགྲིམས་སྐབས་ཀྱང་ཐེངས་གཅིག་ལ་འཚོ་བའི་འགྲོ་གྲོན་སྒོར་བརྒྱ་ཕྲག་འགའ་ལས་སྐུར་མྱོང་མེད། ད་ཆ་བུ་མོ་གཉིས་ཀ་བོད་དུ་ལོག་ནས་ལས་ཀ་བྱེད་ཀྱི་ཡོད། གཅིག་ནི་ང་ཚོ་དང་ཐག་མི་རིང་བའི་རྫོང་ཞིག་གི་སློབ་ཆེན་ཐོན་པའི་གྲོང་དཔོན་དང་། གཅིག་འདི་ག་ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ལག་དངུལ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོ་གཉིས་ཀར་ཟླ་ཕོགས་སྒོར་6000 ནས་7000 བར་འདུག་ཅེས་བཤད།