“དེ་སྔ་ང་ཚོས་ཉར་ཚགས་ཐུབ་པའི་སྔོ་ཚལ་གྲས་སུ་པད་ཚལ་དང་ཞོག་ཁོག་གཉིས་ལས་མེད་པ་དེའང་དུས་ཚོད་རིང་པོ་སོང་ཚེ་རུལ་གྱི་ཡོད། སྔོ་ཚལ་སོས་པ་ཟ་འདོད་ཆེ་བའི་སྐབས་སུ་རྫོང་ལ་ཉོ་བར་འགྲོ་དགོས་ལ། རིན་གོང་ཡང་མཐོ་པོ་ཡོད”ཅེས་ལོ་67ལ་སོན་པའི་ཨ་མ་རྒན་མོ་འཇམ་དབྱངས་མཚོ་འཛོམས་ཀྱིས་ཤོད་བཞིན་རང་ཁྱིམ་གྱི་དྲོད་ཁང་ཆེ་མོ་ནས་འཐུ་མ་ཐག་པའི་ཀྲོ་མ་ཀྲུའུ་གཙང་མར་བཀྲུས་ཏེ་ཚང་མར་སྤྲོད་བཞིན་དུ་དགའ་ཚོར་ཆེན་པོས“ངའི་ཚ་བོ་ཀྲོ་མ་ཀྲུའུ་བཟའ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་དྲོད་ཁང་དུ་མང་པོ་བཏབ་ཡོད། ལོ་ལྟར་འབྲས་བུ་ཐེངས་3སྨིན་གྱི་འདུག གཞན་ཡང་ད་དུང་པད་ཚལ་དང་ལ་ཕུག་སོགས་ཀྱང་བཏབ་ཡོད”ཅེས་བཤད། 2011ལོ་ནས་བཟུང་། ཁོ་མོའི་ཕ་ཡུལ་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོར་སྔོ་ཚལ་དྲོད་ཁང་ཆེ་མོ་བཙུགས་པས་གྲོང་མི་ཚོར་ལྷད་མེད་སྔོ་ཚལ་སོས་པ་ཟ་རྒྱུ་བྱུང་བ་མ་ཟད། ཐོན་ལས་སུ་གྱུར་ནས་མི་སེར་ཚོར་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་རྨང་གཞིར་ཞིབ་འཇུག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འབྲུ་སྣུམ་དང་། ཕྱུགས་ཟོག་དང་བྱ་རིགས། གཟན་རྩྭ། སྔོ་ཚལ། འབྲས་སྡོང་། བཟའ་བྱའི་ཤྭ་མོ་སོགས་ཞིང་འབྲོག་ལས་ཀྱི་སྣ་ཁ་དང་རྒྱུད་པ་གསར་པ་32གསོ་སྤེལ་བྱས་པ་དང་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་16ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། “ལྷ་སའི་བྱ་དེ་དཀར་པོ”དང“རུ་ཐོག་གི་ཁུལ་ལྡན་ར”སོགས་ཕྱུགས་ཟོག་དང་བྱ་རིགས་ཀྱི་རྒྱུད་པ་གསར་པ་2གསོ་སྤེལ་བྱས་པ་དང་གཟན་རྩྭའི་སྣ་ཁ་གསར་པ་1ཞིབ་དཔྱད་གཏན་འཁེལ་བྱས་པ་རེད། སོན་བཟང་འདེབས་པའི་ནུས་པ་ཆེ་རུ་ཕྱིན་པའི་དབང་གིས་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ཚད་ཆེས་ཆེར་འཕར་བ་མ་ཟད། ཁྲོམ་རར་ཡང་མཁོ་སྤྲོད་གསར་པ་བྱུང་ཡོད།
དེ་དང་ཆབས་ཅིག ཞིང་འབྲོག་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱས་པས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཐད་ཀར་སྐུལ་འདེད་ཐུབ་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་སུ“བོད་ནས་ཨང་2000པ”སོགས་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་མུའུ་ཁྲི་170.6ཁྱབ་གདལ་བཏང་བར་ན་ནིང་ཁོ་ནར“བོད་ནས་ཨང་2000པའི”འདེབས་ཁྱོན་གྱིས་ལྗོངས་ཡོངས་ཀྱི་ནས་ཀྱི་འདེབས་ཁྱོན་གྱི་40%ཡན་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ལྗོངས་ཡོངས་སུ་ཕན་ཆེའི་གསོ་ཚགས་ལག་རྩལ་གྱི་ཕྱུགས་རིགས་མགོ་གྲངས་ཁྲི་17.5དཔེ་སྟོན་ཚོད་ལྟ་བྱས་པ་དང་། གཟན་རྩྭ་མུའུ་ཁྲི་25ཡི་ཕན་ཆེའི་འདེབས་རྩལ་གྱི་དཔེ་སྟོན་ཚོད་ལྟ་བྱས་པ། ཤིང་འབྲས་དང་སྔོ་ཚལ་ཚད་གཞི་ཅན་ཐོན་སྐྱེད་ལག་རྩལ་གྱི་མུའུ་ཁྲི་3.6དཔེ་སྟོན་ལག་བསྟར་བྱས་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོད་པའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་དཔེ་སྟོན་རྟེན་གཞི་14བཙུགས་པའི་ནང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་སོགས་སུ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་དཔེ་སྟོན་དུད་ཆེན་70སྐྱེད་སྲིང་བྱས་པ་ཚུད་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། རང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.72བཏང་ནས་ལག་བསྟར་བྱས་པའི་རྣམ་གྲངས་776གྱི་ཚན་རྩལ་གསར་གཏོད་དང་ལས་སྟེགས་འཛུགས་སྐྲུན་བྱས་པའི་ཁྲོད་རྣམ་གྲངས་42ལ་ཚན་རྩལ་གྲུབ་འབྲས་ཐོབ་པ་དང་རྣམ་གྲངས་20ལ་ཁེ་བེད་བདག་ཐོབ་རག་ཡོད། བོད་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་45.1%ཟིན་པ་དང་ཚན་རིག་ལག་རྩལ་གྱིས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་སྒྱུར་བཀོད་བྱེད་པའི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས“ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་དང་ཞིང་འབྲོག་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་50%ལྷག་ཙམ་ཟིན་པ་བྱ་རྒྱུའི”ཞིང་འབྲོག་ལས་ཀྱི་གྲོང་གསེབ་ལས་དོན་གྱི་སྔོན་དཔག་དམིགས་ཚད་བཟོས་ཡོད་པས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱིས་གངས་ལྗོངས་ས་མཐོའི་ཞིང་འབྲོག་ལས་ལ་ཐོན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་འདེགས་སྐྱོར་ཤུགས་ཆེན་ཐུབ་རྒྱུ་ཡིན་པ་རེད།
ནོར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ་བཅས་ཀྱི་སྒོ་ནས་བསམ་བློའི་ངོས་འཛིན་གསར་པ་གཏིང་ཟབ་ཡོང་བ་དང་། ཕྱོགས་བསྡུས་བྱང་ཚད་ཡར་རྒྱས་གསར་པ་ཡོང་བ། སློབ་གསོའི་ནང་དོན་ཐད་གཞི་རྟེན་གསར་པ་ཡོང་བ། དོ་དམ་བྱེད་སྟངས་ལ་ཤུགས་སྣོན་གསར་པ་རྒྱག་པ། ཞབས་ཞུ་སྒྲུབ་སྟངས་གསར་པ་ཡོང་བ་བཅས་བྱས་ཏེ་དགོན་སྡེར་བཅའ་སྡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་མ་ཏན་ཏིག་གཏོང་དགོས། རྒྱ་ཆེའི་གྲྭ་བཙུན་ཚོས་གསར་གཏོད་བྱེད་སྒོ་སྒུལ་ཤུགས་སུ་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་རིམ་བྱུང་གི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོངས་དགེ་སྒྲུབ། ཞི་མཐུན་གོང་བཀུར”བཅས་ཀྱི་ཆོས་ལུགས་ཀྱི་བསྟན་དོན་རྒྱུན་འཛིན་བྱས་ཏེ་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲོལ་བཟང་དར་སྤེལ་གཏོང་བ། དད་ལྡན་པར་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་བཅས་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་འགྲོ་ཕན། རྟོགས་པ་མཐོ་བའི་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
གཟེངས་བསྟོད་ཚོགས་འདུའི་ཐོག་བྱམས་པ་གླིང་སོགས་དགོན་པ་47དང་། བྱམས་པ་རྒྱ་མཚོ་སོགས་གྲྭ་བཙུན་4256 བྱམས་པ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་སོགས་དགོན་སྡེ་དོ་དམ་ཨུ་ལྷན(ཆེད་བསྐོས་ལས་འགན་འཁུར་མཁན)47 ཚེ་རིང་ནོར་བུ་སོགས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་46ལ་གཟེངས་བསྟོད་བྱས་ཏེ“2016ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི་ཞི་མཐུན་དཔེ་བཟང་དགོན་སྡེ”དང“2016ལོའི་ལོ་སྟོད་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན” “2016ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ལྷན”“2016ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་རིམ་པའི་དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ”བཅས་ཀྱི་གཟི་བརྗིད་མཚན་སྙན་སོ་སོར་སྤྲད་པ་རེད།