མཁས་པ་ཡོན་ཏན་ཀུན་བསླབས་པ།།
མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ།།
བློ་ངན་ཤེས་པ་མང་ན་ཡང་།།
རྒྱུ་སྐར་བཞིན་དུ་གསལ་མི་ནུས།།
བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།།
བློ་ལྡན་ཐབས་ཀྱིས་བདེ་བར་གསོ།།
ཆུ་ཀླུང་རྙོག་པས་ཆུད་གསན་པ།།
ཆུ་དྭངས་ནོར་བུས་དྭངས་པར་བྱེད།།
ཤེས་རབ་ལྡན་པ་མགོ་སྐོར་ཡང་།།
བྱ་བའི་ཆ་ལ་རྨོངས་མི་འགྱུར།།
སྲོག་ཆགས་གྲོག་མ་མིག་མེད་ཀྱང་།།
མིག་ལྡན་གཞན་ལས་ལྷག་པར་མགྱོགས།།
བློ་གྲོས་ལྡན་པ་གཉིས་བགྲོས་ན།།
བློ་གྲོས་ལེགས་པ་གཞན་འབྱུང་སྲིད།།
ཡུང་བ་དང་ནི་ཚ་ལ་ལས།།
ཁ་དོག་གཞན་ཞིག་སྐྱེ་བར་འགྱུར།།
ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ།།
འདྲེས་པ་འབྱེད་ཤེས་མཁས་པ་ཡིན།།
ཆུ་ལས་འོ་མ་ངང་པས་ཕྱེད།།
བ་ལས་འོ་མ་ཀུན་གྱི་ལོངས།།
སྨྲས་ཤིང་བསྐུལ་བར་གྱུར་པ་ན།།
དུད་འགྲོ་ལ་ཡང་གོ་བ་སྐྱེ།།
མ་བསྐུལ་གཞན་གྱིས་མ་སྨྲས་ཀྱང་།།
བསམ་པ་ཤེས་ན་མཁས་པ་ཡིན།།
བློ་དང་ལྡན་ན་མ་སྨྲས་པར།།
རྣམ་འགྱུར་ཉིད་ལས་བསམ་པ་གོ །
བལ་པོའི་སེའུ་མ་ཟོས་ཀྱང་།།
ཁ་དོག་ཉིད་ལས་བྲོ་བ་ཤེས།།
མཁས་པ་སློབ་པའི་དུས་ན་སྡུག །
བདེ་བར་སྡོད་ལ་མཁས་མི་སྲིད།།
བདེ་བ་ཆུང་ལ་ཆགས་པ་དེས།།
ཆེན་པོའི་བདེ་བ་ཐོབ་མི་སྲིད།།
སེམས་ཅན་གཞན་དང་རྗེས་མཐུན་པའི།།
སྤྱོད་པ་ཤེས་ན་མཁས་པ་ཡིན།།
དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས།།
ཁྱུུ་གཅིག་ཏུ་ནི་མི་གནས་སམ།།
ངེས་པར་འབྱུང་བའི་བྱ་བ་དགའ།།
མ་གྲུབ་པ་ན་དཔྱོད་པའི་ཚེ།།
མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས།།
གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ།།