དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ཤེས་བྱས་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-01

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་སྐལ་བཟང་ཚེ་རིང་ཟེར་སྐབས་ངོ་མི་ཤེས་མཁན་མེད་ལ། བྱ་གསོའི་སྐོར་བརྗོད་ཚེ་ཚང་མས་སྐལ་བཟང་ཚེ་རིང་ལ་མཐེ་བོང་སྒྲེང་གི་ཡོད།

    2005ལོར་སྐལ་བཟང་ཚེ་རིང་གིས་རླངས་འཁོར་བཙོངས་པའི་དངུལ་གྱིས་བྱ་ཚང་10བརྒྱབ་ནས་གཞི་ཁྱོན་ཅན་གྱི་བོད་བྱའི་གསོ་ཚགས་ལས་ལ་གཞོལ་འགོ་ཚུགས། ད་ཆ་བྱ་ཚང་30ལྷག་ཙམ་བར་མང་དུ་བཏང་སྟེ། བྱ་གསོ་ར་བའི་ལོའི་གསོ་ཚགས་གཞི་ཁྱོན་དེ་བྱ་དེ་5000ནས་ཁྲི་3ལྷག་ཙམ་བར་མང་དུ་ཕྱིན་ཡོད། 2013ལོ་ཁོ་ནར་སྐལ་བཟང་ཚེ་རིང་གི་བྱ་གསོའི་མཉམ་ལས་ཁང་ནས་བྱ་དེ་བཤས་གཏོང་ཚད་ཁྲི་4ཟིན་པ་དང་། བྱ་ཕྲུག་ཁྲི་2དང་སྒོ་ང་ཁྲི་10ལྷག་ཙམ་བཙོངས་ཡོད། བཙོངས་པའི་བྱ་རིགས་ཐོན་རྫས་ཁྱོན་ཏུན་60ལྷག་ཙམ་ཟིན་ནས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་རག་ཡོད།

    “གྲོང་ཚོའི་བྱ་གསོའི་དུད་ཚང་མང་པོ་ཞིག་གིས་ལོ་ཤས་ནང་ཚན་རིག་དང་མི་མཐུན་པའི་སྒོ་ནས་གསོ་ཚགས་བྱས་པར་བརྟེན་གསོན་ཚད་མཐོ་པོ་བྱུང་མེད། འོན་ཀྱང་ང་ཚོས་ཚན་རྩལ་ཆེད་མངགས་པའི་ཁྲིད་སྟོན་འོག་བྱ་དེ་གསོན་ཚད་མཐོ་རུ་ཕྱིན་ཡོད། རྗེས་སུ་གསོ་ཚགས་དུད་ཚང་གཞན་གྱིས་ཀྱང་དེང་རབས་ཅན་གྱི་ཚན་རིག་གསོ་ཚགས་བྱེད་སྟངས་དང་ལེན་བྱས་ཡོད”ཅེས་སྐལ་བཟང་ཚེ་རིང་གིས་སྤོབས་པ་ཆེན་པོས་བཤད།

    ད་ཆ་ཚན་རིག་དང་མཐུན་པའི་གསོ་ཚགས་དང་དེང་རབས་ཅན་གྱི་སྒྲིག་ཆས་ལ་བརྟེན་ནས་གྲོང་ཚོ་དེའི་གསོ་ཚགས་དུད་ཚང་གི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྔའི་སྒོར་1200ལྷག་ཙམ་ནས་7000བར་མང་དུ་ཕྱིན་ཡོད།

    2008ལོར་སྐལ་བཟང་ཚེ་རིང་གིས་སྲིད་གཞུང་གི་རོགས་སྐྱོར་འོག་བོད་བྱའི་མཉམ་ལས་ཁང་བཙུགས་པ་དང་། ད་ཆ་གསོ་ཚགས་ཀྱི་མི་གྲངས་དེ་སྔའི་མི་43ནས་མི་125བར་མང་དུ་ཕྱིན་ཡོད། གསོ་ཚགས་དུད་ཚང་ལ་དོ་དམ་བྱེད་བདེ་པོ་ཡོང་ཆེད། སྐལ་བཟང་ཚེ་རིང་གི་མཉམ་ལས་ཁང་དུ་ལས་འཛིན་ཚོགས་པ་དང་། ལས་འཛིན། ལྟ་ཞིབ་སོགས་སྒྲིག་གཞི་བཟོས་པ་དང་། 《ཐོན་སྐྱེད་དོ་དམ་གྱི་ཞིབ་སྲོལ》བཟོས་ཏེ་ཆེད་ལས་མཉམ་ལས་ཁང་གི་ཁོངས་མིའི་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད། དུས་མཚུངས་མཉམ་ལས་ཁང་གིས་ཁྲོམ་ར་སྟོན་ཕྱོགས་སུ་འཛིན་པ་དང་ས་གནས་དེ་གའི་བོད་བྱའི་ཐོན་ཁུངས་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས། “བྱ་ཕྲུག་གཅིག་གྱུར་གསོ་བ་དང་། གཅིག་གྱུར་ཐོག་བྱ་ལྟོ་སྟེར་བ། གསོ་ཚགས་ཀྱི་ཚད་གཞི་གཅིག་གྱུར་བཟོ་བ། སྤུས་རྟགས་གཅིག་གྱུར་བཟོ་བ། གཅིག་གྱུར་ཐོག་ཕྱིར་ཚོང་བྱེད་པ”བཅས་ཚན་རིག་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་དོ་དམ་གཉེར་སྐྱོང་ལམ་སྲོལ་འཚོལ་ཞིབ་བྱས་པས། གསོ་ཚགས་བྱེད་མཁན་སྒྲིག་གཞི་ཅན་དང་། འབྲོག་ལས་ཐོན་སྐྱེད་ཚད་ལྡན་ཅན། ཕྱིར་ཚོང་ཐོན་སྐྱེད་ཅན་བཅས་དེང་རབས་ཅན་གྱི་འཁོར་སྐྱོད་རྣམ་པ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།