དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ལ་བརྟེན་ནས་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་བཏང་ཚུལ་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-01

    ལོ་རེ་བཞིན་གཏོང་ཆ་གཏོང་ཤུགས་མང་དུ་དང་ཚན་རྩལ་གྱི་ཞིབ་འཇུག་བྱ་ནུས་ཆེ་རུ་སོང་བ་དང་ཆབས་ཅིག རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད“མགྱོགས་བགྲོད་འཁོར་ལམ”ཐོག་སླེབས་ཡོད། གྲངས་གཞི་ལས་མངོན་དོན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་རྣམ་གྲངས་776ལག་བསྟར་བྱས་པར། ཚན་རྩལ་གསར་གཏོད་དང་ལས་སྟེགས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་6.72བཏང་བས། ཚན་རྩལ་རྣམ་གྲངས་ཁག་42ལ་གྲུབ་འབྲས་ཐོབ་པ་དང་། རྣམ་གྲངས་20ལ་ཁེ་བེད་བདག་ཐོབ་རག་ནས་ཚན་རྩལ་གྲུབ་འབྲས་ཀྱིས་གངས་ལྗོངས་ས་མཐོའི་ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

    “ཇུས་འདོན་པ”ཁྲི་ཞིང་དང་མུ་ཁར་བསྐྱོད་པ།

    “གལ་སྲིད་ཚན་རྩལ་ཆེད་མངགས་པ་སྔོ་ཚལ་དྲོད་ཁང་གི་འདེབས་འཛུགས་ལག་རྩལ་ལེགས་བཅོས་བྱེད་པར་ཡོང་མེད་ཚེ། ལོ་གསར་གཏོང་སྐབས་ང་ཚོའི་གྲོང་ཚོ་རྫོང་ལ་སྔོ་ཚལ་ཉོ་བར་འགྲོ་རྒྱུ་ལས་མ་འདས”ཞེས་ལོ་67ལ་སླེབས་པའི་རྒན་མོ་འཇམ་དབྱངས་ཆོས་འཛོམས་ཀྱིས་རང་ཁྱིམ་གྱི་དྲོད་ཁང་ནས་བཏོགས་པའི་ཀྲོ་མ་ཀྲུ་འཁྲུ་བཞིན་གསར་འགོད་པར་དེ་ལྟར་བཤད།

    འཇམ་དབྱངས་ཆོས་འཛོམས་ཀྱིས“ངའི་ཚ་བོ་ཀྲོ་མ་ཀྲུ་བཟའ་རྒྱུར་དགའ་པོ་ཡོད་པས་དྲོད་ཁང་ནང་མང་པོ་བཏབ་ཡོད། ལོར་ཀྲོ་མ་ཀྲུ་ཐེངས་གསུམ་བསྡུ་རྒྱུ་ཡོད་པ་མ་ཟད། ད་དུང་པད་ཚལ་དང་ལ་ཕུག་སོགས་ཀྱང་བཏབ་ཡོད། ས་རྒྱུ་ཞན་པའི་ས་ཞིང་རིམ་བཞིན་གཤིན་པོར་གྱུར་བས་དུས་སང་ཏན་ཏན་ལོ་ལེགས་ཡོང་ངེས་རེད”ཅེས་བཤད།

    2014ལོར་རང་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་གྱིས་འཁོར་ཆག་གྲོང་ཚོར་ནས་སོན་གསར་པ་མུའུ་300ལྷག་ཙམ་ཚོད་འདེབས་ཁྱབ་འདལ་བཏང་བ་དང་། ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་ཡང་མུ་ཁར་ཡོང་ནས་འཇམ་དབྱངས་ཆོས་འཛོམས་དང་ཡུལ་མི་གཞན་ཚོར་ནས་འདེབས་སྟངས་དམར་ཁྲིད་བྱས་ཏེ། ནས་སོན་གསར་པ་ཚོད་འདེབས་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད།

    མིག་སྔར། རང་ལྗོངས་ཀྱིས་སྒྲིག་ཁོངས་གྲོང་ཚོར་ཚན་རྩལ་ཆེད་མངགས་པ་མི་གཉིས་རེ་བཀོད་སྒྲིག་བྱས་པས་ལྗོངས་ཡོངས་སུ་ཚན་རྩལ་ཆེད་མངགས་པ་ཁྲི་གཅིག་ལྷག་ཙམ་ཡོད། ཁོང་ཚོས་ལོ་ལྟར་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཀྱི་འཐབ་ས་མདུན་མར་བསྐྱོད་ནས་ཞིང་འབྲོག་པར་ལོ་ལེགས་ཀྱི་རེ་བ་སྦྱིན་བཞིན་མཆིས།

    ཚན་རྩལ་གྲུབ་འབྲས་ཀྱིས་ཕན་འབྲས་ཆེ་རུ་བཏང་བ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས་འབྲུ་རིགས་དང་པད་ཁ་དང་། ཕྱུགས་རིགས་དང་བྱ་དེ། གཟན་རྩྭ། སྔོ་ཚལ། ཤིང་འབྲས། ཤ་མོ་སོགས་སྣེ་ཁ་གསར་པ་32འདེམས་གསོ་དང་། ཞིང་ལས་སྐྱེ་དངོས་སྣེ་ཁ་གསར་པ་16ཞིབ་བཤེར་གཏན་འཁེལ་བྱས་ཁར། “ལྷ་སའི་བྱ་དེ་དཀར་པོ”དང་“རུ་ཐོག་གི་ཁུལ་ལྡན་ར་དཀར་པོ”སོགས་བྱ་དེ་དང་ཕྱུགས་རིགས་ཀྱི་རྒྱུད་པ་གསར་པ་གཉིས་གསོས་པ་དང་གཟན་རྩྭ་སྣེ་ཁ་གསར་པ་གཅིག་ཞིབ་བཤེར་གཏན་འཁེལ་བྱས་པ་བཅས་སོན་བཟང་འདེབས་གསོ་དང་རྒྱུད་པ་ལེགས་བཅོས་བྱས་པས་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་འབབ་འཕར་བ་མ་ཟད། ཁྲོམ་རའི་དགོས་མཁོའང་བསྐངས་ཡོད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ལྗོངས་ཡོངས་སུ་ཚོད་ལྟའི་ངང་ཕྱུགས་རིགས་དང་བྱ་དེ་ཁྲི་17.5གསོས་པ་དང་། ཚོད་ལྟའི་ངང་གཟན་རྩྭ་མུའུ་ཁྲི་25བཏབ་པ། དཔེ་མཚོན་ལྡན་པའི་སྒོ་ནས་ཤིང་འབྲས་དང་སྔོ་ཚལ་མུའུ་ཁྲི་3.6ཚོད་ལྟའི་ངང་བཏབ་ཡོད།

    རང་ལྗོངས་ལ་དཔེ་མཚོན་གྱི་ནུས་པ་ལྡན་པའི་ཚན་རྩལ་གྱི་གྲུབ་འབྲས་གཞན་འགྱུར་གྱི་དཔེ་སྟོན་རྟེན་གཞི་14བཙུགས་པ་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་སོགས་ས་ཆར་གསོ་སྤེལ་ཚན་རྩལ་གྲུབ་འབྲས་གཞན་འགྱུར་ཚོད་ལྟའི་དུད་ཆེན་70བཙུགས་ཡོད།

    ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་45.1%ཟིན་པ།

    “བོད་ནས་ཨང་2000”ནི་བོད་ལྗོངས་ཚན་རིག་ཁང་གིས་དུས་ཡུན་ལོ་19རིང་གི་འདེམས་གསོ་བྱས་པའི་ནས་སོན་གསར་པ་ཞིག་རེད། ཆ་སྙོམས་བྱས་ན་མུའུ་རེ་ནས་སྤྱི་རྒྱ་25ཐོན་གྱི་ཡོད། ཉེ་བའི་ལོ་5ནང་མུའུ་133.5བཏབ་ནས་ཁྱབ་གདལ་བཏང་བར་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་1.5བྱུང་ཡོད།

    སྒྲོལ་མ་ཚེ་རིང་ནི“རྨོ་བོ་ལགས་རྟགས་ཅན”གྱི་ནས་ཀྱི་ཏན་ཞིམ་བཟོ་མཁན་ཡིན། 2011ལོར་སྒྲོལ་མ་ཚེ་རིང་དང་ཁོང་གིས་ཚོགས་པས་བོད་ལྗོངས་རྨོ་བོ་ལགས་ཏན་ཞིམ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ཏེ། ནས་ཀྱིས་བཟོས་པའི་ཏན་ཞིམ་དང་། མོག་མོག ཟླ་མཆོད་བག་ལེབ། ས་ཆི་མ་སོགས་བཟོས་པ་དང་། ད་ཆ་ནས་ཀྱི་ཏན་ཞིམ་བཟོ་སྟངས་ཁག་གསུམ་ལ་ཁེ་བེད་བདག་ཐོབ་རག་ཡོད།

    གྲངས་གཞི་ལས་མངོན་གསལ། རང་ལྗོངས་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ཀྱི་འབབ་འཕར་ལ་ལེགས་སྐྱེས་འབུལ་ཚད་45.1%ཟིན་པ་དང་། ཞིང་འཕྲུལ་གྱིས“སོག་མ་བསྡུ་བ་དང་། ཞིང་ཁ་འདེབས་པ། རྐོ་མ་རྒྱག་པ་བཅས་གསུམ”ནུས་ཚད་57.8%ཟིན་པ། ཞིང་ལས་སྐྱེ་དངོས་སོན་བཟང་ཁྱབ་ཚད་85%ཟིན་པ་བཅས་ལས་ཚན་རྩལ་ལག་རྩལ་གྱིས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ལ་ལེགས་བཅོས་བྱས་པའི་གོམ་སྟབས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་མངོན་ཡོད།

    ཅིང་ཏུང་དྲ་བའི་བོད་ཀྱི་ཚོང་ཁང་དུ་ཞུགས་ན། བེ་ཤ་དང་། ཁ་ཆེ་ཤ་སྐམ། ཚགས་ཤ་སོགས་བོད་ཀྱི་ཞིང་ལས་ཐོན་རྫས་སྣེ་ཁ་བརྒྱ་ཙམ་ལ་དྲ་དམངས་ཀྱིས་གདེང་འཇོག་བཟང་པོ་བྱེད་ཀྱི་ཡོད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་སྟོད་གྲོང་རྡལ་དུ་སྡོད་པའི་ཡེ་ཤེས་ལྷ་མོས་ན་ནིང་ཟླ་7པར་ཐའོ་པའོ་དྲ་བར་ཚོང་ཁང་བཙུགས་ནས་ས་ཆ་དེ་གའི་རི་སྐྱེས་ཡུལ་ཟོག་འཚོང་གི་ཡོད། ཁོང་གིས“དེ་སྔོན་ཡུལ་ཟོག་དེ་དག་རྫོང་གྲོང་ཁོ་ནར་འཚོང་སྐབས་ཚོང་ཡག་པོ་དེ་ཙམ་མི་འདུག ད་ཆ་ལོ་ཕྱེད་ལྷག་ཙམ་ལ་་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་3ཙམ་ཟིན་པས་རང་ཉིད་ཀྱི་བསམ་ཚོད་ལས་རྦད་དེ་འདས་སོང”ཞེས་བཤད།

    དེ་དང་དུས་མཚུངས། དྲ་སྦྲེལ་+ཞིང་འབྲོག་ལས་ལ་འདེགས་སྐྱོར་བྱ་རྒྱུ་ཟུང་འབྲེལ་བྱས་པས། 2015ལོར་བོད་ནས་ཐའོ་པའོ་དྲ་བའི་ཐོག་ཚོང་ཁང་གཉེར་ཚད་གྲངས་འབོར་1200ལས་བརྒལ་ཡོད།

    ཉི་མ་བཀྲ་ཤིས་ཀྱིས“2020ལོར་སླེབས་སྐབས། ང་ཚོས་ཞིང་འབྲོག་ཚན་རྩལ་གྲུབ་འབྲས་རྣམ་གྲངས་50ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན། ཞིང་འབྲོག་ལས་ཀྱི་སྔོན་ཐོན་ཉེར་སྤྱོད་ལག་རྩལ་30གསར་གཏོད་དང་། དཔེ་སྟོན་ཚོད་ལྟ། བེད་སྤྱོད་བཅས་གཞི་གཅིག་ཏུ་འདུས་ཏེ། ཞིང་འབྲོག་གི་ཚན་རྩལ་ལ་ལེགས་སྐྱེས་འབུལ་ཚད་50%ཡན་ཟིན་པ་བྱས་ནས་ཞིང་འབྲོག་པར་འབབ་འཕར་15%ཡན་ཟིན་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།