དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ན་མ་སོན་གོང་གི་ཕྲུ་གུར་འཚོ་བཅུད་ལྡན་པའི་སློབ་གསོ་གང་མང་ཐེབས་ཐུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-29

    སློབ་ན་མ་སོན་གོང་གི་སློབ་གསོ་ནི་ཕྲུ་གུ་སྐྱེས་མ་ཐག་ནས་སློབ་གྲྭར་མ་འགྲོ་གོང་གི་ཕྲུ་གུའི་སློབ་གསོར་ཟེར་ཞིང་།  སློབ་གསོ་དེའི་འོས་འགན་གཙོ་བོ་ནི་ཕྲུ་གུའི་ལུས་སེམས་བདེ་ཐང་དང་།  རང་གཤིས་འཕེལ་རྒྱས་གཏོང་བ།  གོམས་གཤིས་ལེགས་པོ་ཞིག་འཇགས་པར་ཟེར་ཞིང་། སློབ་ན་མ་སོན་གོང་གི་ཕྲུ་གུའི་ཀླད་པའི་འཕེལ་རྒྱས་དང་སློབ་ཆུང་མ་འགྲོ་གོང་གི་གྲ་སྒྲིག་ལེགས་པོ་ཡོང་བར་དོ་སྣང་བྱེད་དགོས།  དེར་བརྟེན་སློབ་ན་མ་སོན་གོང་གི་ཕྲུ་གུའི་སློབ་གསོ་ནི་ཕྲུ་གུའི་མི་ཚེ་གཅིག་གི་སློབ་གསོའི་གལ་ཆེན་གྲུབ་ཆ་ཞིག་དང་རྨང་གཞིའི་སློབ་གསོའི་རྨང་གཞི་ཡང་ཡིན།

    བོད་ལྗོངས་ནི་རང་རྒྱལ་ནུབ་ཁུལ་གྱི་ས་ཁུལ་ཞིག་ཡིན་པས།  སློབ་ན་མ་སོན་གོང་གི་སློབ་གསོའི་འཕེལ་རྒྱས་ཅུང་ཞན། འོན་ཀྱང་། བོད་རང་སྐྱོང་ལྗོངས་དང་སྲིད་གཞུང་གི་མཐོང་ཆེན་འོག རིམ་ཁག་གི་སློབ་གསོ་ཚན་པའི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  ལོ་ཤས་རིང་ལ་རང་ལྗོངས་ཀྱི་སློབ་གསོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཀྱང་འོས་འགན་ལྕི་པོ་དང་བསྡུར་ཚེ་ད་དུང་རྒྱང་ཐག་ཅུང་རིང་།

    དང་ཐོག   ཕྲུ་གུའི་ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོའི་གལ་ཆེན་རང་བཞིན་ལ་མཐོང་ཆེན་བྱེད་དགོས།  ཁྱིམ་བདག་གིས་སློབ་གསོའི་དམིགས་ཚད་ཆེན་པོ་འཛིན་དགོས་པ་ལས།  ཕྲུ་གུ་བུ་བཅོལ་ཁང་ནང་དུ་གླུ་གཞས་འགའ་རེ་དང་།  སྒྲུང་གཏམ་འགའ་རེ།  རྩིས་རིག་འགའ་ཤས་ལས་ཤེས་རྒྱུ་ཙམ་གྱི་བསམ་པའི་དམིགས་ཚད་འཛིན་མ་རུང་བར།   ཕྲུ་གུར་དཔེ་དེབ་ལྟ་ཀློག་དང་འབྲི་སྦྱོང་།  རྩིས་རིག་སོགས་སྦྱོང་བརྡར་ལེགས་པོ་ཐེབས་པའི་ཐོག་ཆེད་ལས་རང་བཞིན་གྱི་ཤེས་བྱའང་ཤེས་དགོས།  དེར་བརྟེན་སློབ་གསོར་མིག་རྒྱང་རིང་པོ་དང་ཕྱོགས་ཡོངས་ཀྱི་རྒྱུས་ལོན་ལེགས་པོ་བྱེད་དགོས།

    ཕྲུ་གུ་བྱིས་པའི་དུས་ནི་མི་ཚེར་ཤུགས་རྐྱེན་ཐེབས་འགོ་ཚུགས་པའི་དུས་ཡིན་ལ། མི་ཡི་རྨང་གཞིའི་ནུས་པ་གང་མང་ཞིག་འཇགས་པའི་དུས་རིམ་ཞིག་ཀྱང་ཡིན། དཔེར་ན་སྐད་ཆའི་བརྡ་སྤྲོད་སྟངས་དང་།  རྨང་གཞིའི་བྱེད་སྟངས།  དེ་བཞིན་འཚོ་བའི་ཁྲོད་ཀྱི་གོམས་གཤིས་སོགས་དང་མི་གཤིས་འཇགས་པའི་དུས་རིམ་ཞིག་ཀྱང་ཡིན།  དེར་བརྟེན་ཕྲུ་གུའི་སློབ་ན་མ་སོན་གོང་གི་སློབ་གསོའི་དམིགས་ཡུལ་ནི་ཕྲུ་གུ་འཚོ་གནས་ལེགས་པོ་ཐུབ་པ་དང་། གསར་གཏོད་ཐུབ་པ། མཉམ་ལས་བྱེད་ཤེས་པ།  སློབ་སྦྱོང་བྱེད་ཤེས་པ་སོགས་ཡོང་ཆེད་ཀྱི་དམིགས་ཡུལ་ཡིན།  སློབ་ན་མ་སོན་གོང་གི་སློབ་གསོའི་ནང་དོན་ནི་གཞི་རྒྱ་ཆེ་བ་དང་། དང་ཐོག་མའི་རང་བཞིན་ཡིན་པས། ཕྱོགས་མང་པོའི་ཐོག་ནས་ཕྲུ་གུའི་བརྩེ་སེམས་དང་རྣམ་འགྱུར།  ནུས་པ།  ཤེས་བྱ།  ལག་རྩལ་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་བཏང་བ་ཞིག་ཡིན། སྤྱི་ཚོགས་རིམ་པ་ཁག་གིས་སློབ་ན་མ་སོན་པའི་སློབ་གསོའི་དམིགས་ཡུལ་དང་། དོན་སྙིང་ལ་རྒྱུས་ལོན་ཡོང་ནས། ཚང་མས་མཉམ་ཞུགས་དང་རྒྱབ་སྐྱོར་གནང་ཚེ། སློབ་ན་མ་སོན་པའི་སློབ་གསོར་གཞི་ནས་འཕེལ་རྒྱས་ཡག་པོ་བྱུང་ངེས།

    ད་དུང་། སློབ་ན་མ་སོན་པའི་དོ་དམ་ལའང་གལ་འགངས་ཧ་ཅང་ཆེ།  ས་གནས་ཁག་ནས་བུ་བཅོལ་ཁང་དུ་ཕྲུ་གུར་རྡུང་རྡེག་གི་གནད་དོན་ཐོན་པས། ཕྲུ་གུའི་ཁྱིམ་བདག་གིས་ཕྲུ་གུ་བུ་བཅོལ་ཁང་དུ་བཏང་རྒྱུར་དོགས་གཞི་ཆེན་པོ་བཟོས་ཡོད།  སློབ་ན་མ་སོན་པའི་སྐབས་ཀྱི་ཕྲུ་གུ་ནི་འཚར་ལོངས་འཕེལ་རྒྱས་ཀྱི་དུས་རིམ་ཞིག་ཡིན་པས། འཚོ་བར་རང་སྐྱ་འཕེལ་མི་ཐུབ་ལ། བྱ་དངོས་ལ་ཡ་མཚན་གྱི་བསམ་བློ་སོགས་དམིགས་བསལ་མ་ཡིན་པ་ཡོད།  ཁྱིམ་ཚང་གཅིག་གི་ནང་དུ་མི་རྒན་གསུམ་བཞིས་ཀྱང་ཕྲུ་གུ་གཅིག་ལ་ཁ་གཏད་མི་ཐེབས་པ་ཡོད། བུ་བཅོལ་ཁང་ནང་དུ་དགེ་རྒན་འགའ་ཤས་ཀྱིས་ཕྲུ་གུ་དེ་དག་ལ་ལྟ་རྟོག་ཇི་ལྟར་བྱེད་མིན་ཐད། བུ་བཅོལ་ཁང་དགེ་རྒན་ལ་ངང་རྒྱུད་རིང་པོ་དང་། ཞིབ་ཚགས་པོ།  བརྩེ་སེམས་ཆེན་པོ་དགོས་ལ། དེས་མ་ཟད་ཆེད་ལས་ཀྱི་སློབ་གསོ་ལེགས་པོ་ཞིག་དང་སློབ་ན་མ་སོན་པའི་ཕྲུ་གུར་སློབ་གསོ་གཏང་སྟངས་ཀྱི་ཤེས་བྱ་སོགས་བྱང་ཆུབ་པ་ཞིག་དགོས།

    ང་ཚོས་ཕྲུ་གུར་དུས་རྒྱུན་དུ“མེས་རྒྱལ་གྱི་མེ་ཏོག”ཞེས་འབོད་ཀྱི་ཡོད། མེ་ཏོག་ལ་ཉི་འོད་དང་ཆར་ཆུ་དགོས་ལ། ལྡུམ་ར་གསོ་སྐྱོང་མཁན་གྱི་བྱམས་སྐྱོང་དང་སྤྱི་ཚོགས་ཡོངས་ཀྱི་བྱམས་སྐྱོང་དང་དོ་སྣང་དགོས།སློབ་ན་མ་སོན་པའི་ཕྲུ་གུའི་སློབ་གསོར་སྤྱི་ཚོགས་ཡོངས་ཀྱི་དོ་འཁུར་དགོས། ང་ཚོས་སློབ་ན་མ་སོན་པའི་སློབ་གསོའི་དམིགས་ཡུལ་དང་དོན་སྙིང་སོགས་ཤེས་དགོས་པས་སློབ་ན་མ་སོན་པའི་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་མཉམ་དུ་ལག་གདང་སྦྲེལ་ཏེ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།