དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁ་བཏགས་འབུལ་སྟངས་ཐད་ལ་ཁྱད་པར་འདི་འདྲ་ཡོད་པ་ཨེ་མཁྱེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-28

    སྔར་བླ་མ་ཆེ་ཁག་དང་དཔོན་རིགས་ལ་མཇལ་དར་འབུལ་སྐབས་ཁྲི་ཅོག་སྟེང་ངམ་ཕྱག་ཏུ་འབུལ་དགོས་པ་ལས་མགུལ་དུ་སྒྲོན་སྲོལ་མེད།

    མི་སེར་དཀྱུས་མས་སེར་སྐྱ་དཔོན་རིགས་ཁག་ལ་ཁ་བཏགས་ཅོག་ཙེའི་ཐོག་ནར་གཏོང་བྱེད་པ་དང་བླ་དཔོན་གོ་ས་འདྲ་བ་ཕན་ཚུན་ལག་སྤྲོད་བྱེད་པ། རང་ལས་དམའ་བ་རྣམས་ལ་ཁ་བཏགས་སྤྲོད་སྐབས་དངོས་པོའི་སྟེང་དུ་བཞག་ནས་ལག་ཏུ་སྤྲོད་ཀྱི་ཡོད། མི་སེར་ཕན་ཚུན་ཆང་ས་སོགས་སུ་ཁ་བཏགས་ཚང་མ་སྐེ་ལ་གཡོགས་ན་ཆོག  དེ་བཞིན་ཁང་པ་སྤོ་སྐབས་ལྕི་བ་དང་ཆུ་ཕུད་སོགས་ཀྱི་ཐོག་ཁ་བཏགས་རེ་ནར་མོར་འཇོག  

    གྲོང་གསེབ་ཀྱི་འོང་སྐོར་སོགས་ལ་རྟ་རྒྱུག་གི་རྟ་པ་རྣམས་ལ་ཚ་དར་ཞེས་འབེན་ལ་མདའ་དང་མེ་མདའ་ཕོག་པར་ཁ་བཏགས་གཡོགས་སྐབས་གྲངས་ཀ་བརྩི་རྒྱུ་ཡོད་པ་རྣམས་ལ་ཁ་བཏགས་སྐེ་ལ་གཡོགས་པ་དང་། ཚ་གྲངས་བརྩི་རྒྱུ་མེད་པ་རྣམས་ལ་ཚ་མེད་དཔའ་དར་ཞེས་དཔུང་པར་གཡོག་གི་ཡོད།

    དེ་བཞིན་རྒན་གཞོན་བར་ཁ་བཏགས་འབུལ་སྐབས། གཞོན་པས་རྒན་པའི་ཕྱག་ཏུ་འབུལ་དགོས་པ་དང་། རྒན་པས་གཞོན་པར་མགུལ་དུ་སྒྲོན་སྲོལ་མཆིས་ནའང་། དེང་དུས་སྐྱེ་བོ་ཕལ་པ་ཕན་ཚུན་ཐད་ཀར་མགུལ་དུ་སྒྲོན་སྲོལ་མཆིས། རིམ་པ་གོང་མས་གཤམ་རིམ་ལ་ཁ་བཏགས་སྐེ་ལ་གཡོགས་པ་ལས་ལག་ཏུ་སྤྲོད་སྲོལ་མེད།

    གཙང་ཁུལ་དུ་བྱ་བ་ཐམས་ཅད་ཡར་འགྲོ་ཞེས་ཁ་བཏགས་སྐྱེ་བོའི་མདུན་ནས་རྒྱབ་ཏུ་བསྒྲོན།

    མདོར་ན་ཁ་བཏགས་ནི་བོད་རིགས་མི་དམངས་ཚོའི་དགའ་ན་དགའ་རོགས་དང་སྡུག་ན་སྡུག་རོགས། བྱེས་ལ་འགྲོ་བའི་ལམ་རོགས། གཞིས་ལ་འདུག་པའི་གཡང་རྟེན།  བསམ་དོན་གྲུབ་པའི་རྟེན་རྫས་ཁྱད་འཕགས་ཅན་ཞིག་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།