ས་ལེ་སྦྲམ་དང་གཡུ་བྱུར་མུ་ཏིག་རྫུལ་དང་སྤོས་ཤེལ་དངུལ་དཀར་སོགས།།
འཇིག་རྟེན་མི་ཡིས་གཅེས་སུ་འཛིན་པའི་རིན་ཆེན་ནོར་བུའི་དོ་ཤལ་གྱིས།།
འགྲན་པར་མི་ནུས་འབྲི་གཡག་འདི་ཀོ་བདག་ཡིད་སྨོན་པའི་ཕྱུགས་ཀྱི་ཕུལ།།
སྲོག་ལྡན་ནོར་བུ་ས་མཐོའི་རྒྱན་གྱི་སྙན་གྲགས་སུ་ཡིས་འགོག་ནུས་སམ།།
བགྲང་བྱ་དུ་མའི་ལོ་རྒྱུས་ཕྲེང་བར་ཕ་མཐའ་ཡས་པའི་བྱང་ཐང་ནས།།
ཚྭ་དོ་ལྕི་པོ་སྒལ་པར་འཁུར་ཏེ་སུག་བཞིས་ལ་དགུ་ཀླུང་དགུ་བརྒལ།།
ངལ་བས་ལུས་ཀྱི་སྤུ་རྩེ་རེ་ནས་རྔུལ་ཆུའི་ཐིགས་པ་བབས་གྱུར་ཀྱང་།།
དཀའ་བ་བཟོད་པའི་གཡག་གུ་རོག་པོ་རིན་ཆེན་ནོར་བུར་ལོས་ཀྱང་བརྩི།།
ཚྭ་ལམ་རྟ་པའི་ཉིན་ཞག་དུ་མར་གྲང་རེག་ཁ་བའི་འདབ་མ་ཡིས།།
རྩྭ་ར་ཡངས་པོར་མལ་ཆས་གཡོཌ་ཏེ་འཇུངས་པས་ཁ་ཟས་སྦས་གྱུར་ཀྱང་།།
གཟན་ཆས་འདས་སློག་འཚོ་ཐབས་བགྱིས་ནས་མུ་མཐའ་མི་མངོན་ཐང་ཆེན་འགྲིམས།།
ཟས་ཀྱི་བྲོ་བར་མེད་དུ་མི་རུང་ཚྭ་དོ་དམིགས་སའི་གནས་སུ་བསྐྱལ།།
སྔར་སོང་མི་ལོ་སྟོང་གི་སྔོན་ནས་བྱང་ཐང་སྐྱ་མོར་འཚོ་བ་ཡི།།
ཨ་ཕོ་འབྲོག་པས་གངས་ཆར་རླུང་གི་གྲང་བའི་རེག་བྱ་བཟོད་པའི་གྲོགས།།
མེ་ཐབ་དམར་པོ་འུར་འུར་འབར་བྱེད་འབྲི་དང་གཡག་གི་ལྕི་བས་བྱུང་།།
དེང་དུས་རིག་གནས་དངོས་པོར་འདྲེན་པའི་སྦྲ་གུར་འབྲི་གཡག་རྩིད་པས་གྲུབ།།
སུག་བཞི་གཞན་གྱིས་དོ་ཟླ་དབེན་པའི་ཤེད་ཤུཌ་ལུས་ལ་མངའ་གྱུར་ཀྱང་།།
གང་ཟག་མི་ཡི་བཀོལ་སྤྱོད་ཅི་ཡིན་སྒྲུབ་ལ་གཡོལ་བའི་ངན་སྤྱོད་དབེན།།
སྤུ་རྩིད་ཕྲ་མོའི་ཐག་གདང་ཞིག་ལ་སྟར་དུ་ཞུགས་པའི་ཁྲིམས་སྲུང་ཅན།།
རྩྭ་ཆུར་བརྟེན་ནས་རང་ཁ་རང་གསོ་འབྲི་གཡག་རིན་ཆེན་ནོར་བུ་ཉིད།།
གཉའ་སྒ་ལྕི་པོ་མཇིང་པས་འཁུར་ཏེ་ནག་པོའི་ས་གཞི་འདུལ་བ་ཡི།།
རྨོད་སློག་རོལ་རིས་བགྲང་གིས་མི་ཟིན་ས་བོན་འདེབས་པའི་ཞིང་གླིང་ཀུན།།
ངལ་བའི་དབུགས་རྒྱུ་བཟོད་པས་མནན་ཏེ་ཐོང་མཁན་ཤུ་གླུ་དང་སྡེབ་ནས།།
འབྲུ་དྲུག་སྨིན་པའི་ས་འཛིན་བཞེངས་པའི་ཉིད་ཀྱི་སུག་རྗེས་ཅི་ལ་ཟུབ།།
ལས་ཀྱིས་གཡོཌ་པའི་ལུས་ཀྱི་སྤུ་རྩིད་གངས་ཆར་འགོག་པའི་མཐུ་ལྡན་ཡང་།།
དབང་ཆེན་བྱེད་པོ་དུག་གསུམ་གྱིས་མྱོས་གསོག་འདོད་གསུས་པ་མཚོ་ལས་ཆེ།།
རྣོ་དབལ་གྲི་དང་ཇེམ་ཙེ་ཐོགས་ནས་སྤུ་གྲ་གཙང་མར་བཞར་བ་ཡིས།།
གོས་བཤུས་གཅེར་བུ་ལྟར་དུ་གྱུར་ཀྱང་འཁང་ར་མི་བགྱིད་ནོར་གནག་ལཌ།།
ལང་ཚོ་དར་བབས་ཤེད་མོ་རྒྱས་ཏེ་འོ་མའི་རྒྱུན་བཟང་ཞོགས་ལྟར་འཇོ།།
བཅུད་ལྡན་མར་དང་ཕྱུར་བའི་ཕོན་གྱིས་འབྲོག་པའི་སྦྲ་གུར་ཆུང་བར་བྱས།།
གསོ་ཚགས་འགྲོ་གྲོན་ཆུང་ངུ་ཙམ་ལ་དཀར་ཆུའི་ལེགས་སྐྱེས་ཆེས་ཆེར་ཕུལ།།
གྲོང་དང་གྲོང་རྡལ་འཚོ་བའི་སྐྱ་ནམ་འབྲི་མོས་བསྐྱངས་པ་བརྗེད་རེ་བསྐན།།
དེ་ལྟར་འབྲི་གཡག་རིན་ཆེན་ནོར་བུའི་མཛད་པ་ཡོངས་སུ་ལེགས་སྨྲ་བར།།
སྙན་ངག་མཁན་པོ་མང་ཞིག་འདུས་ཀྱང་ཆ་ཚང་འགོད་ལ་ངལ་འགྱུར་ན།།
བདག་འདྲའ་བློ་མིག་ཁབ་ཀྱི་སྨིག་བུས་བྱུང་བརྗོད་འགོད་པའི་སྤོབས་པ་དམན།།
འོན་ཏེ་ཕྱུཌ་འདིའི་ཚད་མེད་བཀའ་དྲིན་བསམས་བཞིན་སླར་ཡང་ཕན་ཆ་སྨྲ།།
ལོ་ལྟར་སྨལ་པོས་ནམ་ཟླ་སྐྱེལ་བའི་གྲང་ཤེད་རྒྱས་པའི་དགུན་གྱི་དུས།།
དུས་བཤས་ཡིན་ཞེས་འབྲི་མོ་དྲིན་ཅན་རྩྭ་ཐང་སྟེང་ནས་བཙན་གྱིས་ཁྲིད།།
ན་སོ་མ་ལོན་གཅེས་པའི་བེའུ་འོ་ཐག་མ་ཆོད་མཆི་མ་ཤོར།།
གཏུམ་པོའི་རལ་གྲི་འཆང་བའི་ཤན་པས་ཉེས་མེད་དྲིན་ཅན་བཤས་རར་བཙུད།།
སྐེ་དང་རྐང་ལག་ཞགས་ཐག་ནག་པོ་དུག་སྦྲུལ་འདྲ་བས་བཅིངས་པའི་ཚེ།།
ཉེས་མེད་འབྲི་གཡག་ཉྭ་རྐང་འདར་ཞིང་དབུཌ་རྒྱུའི་ཧལ་སྒྲས་ལྕེ་ཡང་བསྣར།།
ངག་ནས་ཞུ་འབོད་སྨྲ་བ་དབེན་ཡང་ཁྲ་ཆུང་མིག་ཟུང་མཆི་མས་བཀང་།།
བཤས་ར་མི་ཡུལ་དམྱལ་བར་ཕབ་པའི་འབྲི་གཡག་འདི་སྐད་སྙིང་རྗེ་ཨཱ།།
ཁོག་ནང་སྦར་མྱུལ་སྙིང་རྩ་གཅོད་ཅིང་ཐག་པས་དབུཌ་རྒྱུ་བཀག་པ་དང་།།
གནམ་ཐག་སྐེ་བཙིར་ཁྲག་རྩ་བསྡམས་སོཌ་མནར་གཅོད་སྣ་ཚོཌ་མྱོང་བ་ཡི།།
འབྲི་མོ་འཆི་ཁའི་འདྲེན་བྱེད་ཧྲིག་ཧྲིག་སྦྱིན་བདག་བདུད་གཟུཌ་ཅན་ལ་བསྡིཌ།།
འཁོན་ལན་སློག་པའི་ནུས་མཐུ་ཕྲ་བ་ཉམ་ཆུང་འདི་དག་སྙིང་རྗེ་ཨཱ།།
སྨྲ་ཤེས་དོན་གོ་ཚང་བ་ཡིན་ཟེར་ལས་འབྲས་རྣམ་གཞག་དུ་མ་བཤད།།
ངག་ནས་མཎི་ཡིག་དྲུག་དྲངས་ནས་སྙིང་རྗེའི་ལྷ་མཆོག་བསྒོམས་ཚུལ་བསྟན།།
གཡག་གི་མས་སོ་མ་འཐོར་གོང་ནས་སྒོར་ལ་རྔམ་པའི་ཟིལ་ཤུགས་སྟོན།།
རང་གི་འཚོ་རོགས་བཤས་གྲིའི་འོག་ཏུ་སྐྱེལ་བར་བྲེལ་འདི་ཅིས་མི་སྐྱོ།།
དམར་ཟས་བྲོ་བ་ཇི་ལྟར་ཆེ་ཡང་འདི་ཡི་དོན་དུ་འབྲི་གཡག་རྣམས།།
འགྲོ་བ་མི་ཡི་ཐབས་ཇུས་ངན་པས་འཆི་སྟངས་སྣ་ཚོགས་མྱོང་དགོས་པས།།
སྡིག་ཟོན་བགྱིས་ཏེ་ཤ་ཟས་འཕྲི་ནས་དགེ་ཚོགས་གསོག་པའི་ལམ་དུ་ཕེབས།།
མི་རྟག་ལུས་རྟེན་ཞིག་པའི་དུས་སུ་སྡིག་པའི་ཁུར་པོ་ཡང་དུ་ཐོངས།།
ཤ་ཁྲག་རུས་གསུམ་ལོངས་སུ་སྤྱད་པའི་འབྲི་དང་གཡག་གི་མགོ་བོ་ཡི།།
པཌ་པ་བཤུས་པར་གསེར་ཟངས་དངུལ་རྒྱན་ལེཌ་པར་སྤྲས་ཏེ་གྱང་ལ་བཀལ།།
འབྱོར་བ་ཕྱུག་པོར་རབ་ཏུ་རློམ་པའི་རྨོངས་བླུན་འགའ་ལ་ཁྲོ་བཞིན་དུ།།
དྲིན་ཅན་འབྲི་དང་གཡག་གི་རྣམ་ཤེས་བདེ་བར་གཤེགས་པའི་སྨོན་ལམ་ཞུ།།
རྩམ་གཟན་པ་ཚོའི་བསོད་བདེའི་དབང་གིས་རྟག་ཏུ་འགྲོཌ་པའི་འབྲི་གཡག་ཁྱུས།།
མིའི་རིགས་བདེ་བར་འཚོ་བའི་སླད་དུ་ཤ་ཁྲག་ཕུལ་བ་དྲན་བཞིན་དུ།།
ཀུན་གྱིས་མཆུ་འདབ་ཡང་ཡང་བྲེལ་བའི་གཟུངས་སྔཌ་དུང་ཕྱུར་དུ་མའི་མཐུས།།
འབྲི་གཡག་རིན་ཆེན་ནོར་བུ་དེ་རྣམས་བདེ་འགྲོའི་གནས་སུ་དྲངས་སུ་གསོལ།།
ཤ་ཚིལ་མེད་པའི་ཟས་རིགས་བཤམས་ཚེ་སྣ་གཉེར་སྟོན་པའི་སྐྱེ་བོ་འགས།།
ཤ་ཟས་མང་པོ་རིང་དུ་བསྟེན་དྲགས་ལུས་ལ་ཁྲག་འཕེལ་ནད་རིགས་ཀྱིས།།
ཤ་ཁྲག་ལང་ཚོ་རབ་ཏུ་དར་ཡང་ཚེ་ཚད་མ་ཟིན་འཆི་ཉེའི་དུས།།
ཤ་ཟས་སྤོང་རྒྱུའི་དམ་བཅའ་བཞག་པ་དེ་ཡང་ཀུན་གྱི་བསྔགས་བྱའི་གནས།།
མགོ་ནག་སྤྱང་ཀིའི་མིང་ངན་དང་བྲལ་རྣམ་དཔྱོད་ལྡན་པའི་སྐྱེ་བོ་འགས།།
དཀར་ཆུ་འོ་མའི་རྒྱུན་བཟང་བསྟེན་ཞིང་འཚོ་བཅུད་འཛོམས་པའི་ཚོད་མ་བཞེས།
དམར་ཟས་སྤངས་ཀྱང་འཚོ་གནས་ཐུབ་པའི་རྒྱུ་མཚན་ཡང་དག་དོན་དུ་བསྐྱལ།།
ལུས་སེམས་གཉིས་བདེའི་མི་ཚེ་སྐྱེལ་ལུགས་འཇིག་རྟེན་ཡོངས་ལ་དར་བ་ཤོག
རྣམ་དཀར་དགེ་བ་སྒྲུབ་ཅེས་སྨྲ་ཡང་ཟས་ལ་གདམས་ག་མང་བ་ཡི།།
དམར་ཟས་སྣ་ཚོགས་གཤོམ་ལ་སྤྲོ་བའི་བློ་ཁ་མྱུར་དུ་བསྒྱུར་བ་དེ།།
ངན་སློང་སྦྱིན་ལས་ལྷག་པའི་དོན་ཆེན་སྲོག་བླུའི་བྱ་བར་སྦྲེལ་བས་ན།།
རིན་ཆེན་མི་ཡི་བླང་དོར་ཤེས་པའི་དགེ་མཚན་ཡིན་ཞེས་ཡང་བསྐྱར་བསྔཌ།།