གློག་མེད་པའི་མཚན་མོ།
མུན་རུབ་ཚན་རིག་བྱེད་པོའི་གློག་སྒྲོན་མེད།།
ལཱ་སྒྲོན་རྐང་གཅིག་ཅོག་ཙེའི་སྟེང་དུ་སྤར།།
ཁང་ཆུང་གྲུ་བཞིར་སྣང་བ་ཕྲན་བུ་འཕྲོས།།
སྨྱུ་གུའི་རྟ་ཕོ་འབྲི་ཤོག་ཐོག་ཏུ་རྒྱུག།
བཟའ་ཟླ་དྲན་པ།
ཁྱེད་ནི་གཙང་པོའི་ཕར་ཕྱོགས་ཡུལ་དུ་གནས།།
ངས་ནི་འདི་ནས་ཁ་པར་སྐུད་ལམ་བརྒྱུད།།
དྲན་པའི་སྙིང་གཏམ་གློག་གི་རླབས་ལ་བསྐུར།།
ཡིད་ཀྱི་མཚོ་མོར་དགའ་བའི་རྦ་རླབས་འཁྲུགས། །
སྐྱོ་སྣང་།
སྡོང་ལོ་སེར་པོ་རྒྱ་ལྕང་རྩེ་ནས་ལྷུངས།།
སྟོན་རླུང་ལྡོམ་པོས་ལོ་མ་གང་སར་འཁྱེར།།
ཐལ་བས་གང་བའི་ཁོར་ཡུག་མཐོང་བ་ན།།
འཇིག་རྟེན་ཧྲིལ་པོ་སྡུག་དང་སྐྱོ་བས་བཏུམས།།
གཅེན་གཅུང་དྲན་པ་།
ཉེ་བའི་ས་ནས་ལས་གཞས་སྙན་མོ་ཐོས།།
ཞིང་པ་སྤུན་མཆེད་བཞིན་རས་ཡིད་ལ་བརྣགས། །
རེ་བའི་རྔུལ་ཆུ་ས་རུ་བཏབ་པ་ལས།།
གྲོ་ནས་སྲན་མའི་རིན་ཆེན་གསེར་རྡོག་བླངས།།
སློབ་མ་།
དཔྱིད་ཀྱི་བརྒྱ་ལ་སྟོན་གྱི་སྟོང་བཞིན་དུ།།
ཤེས་རིག་དགའ་ཚལ་གླིང་གི་སློབ་མའི་ཚོགས།།
གུས་རྟག་བརྩོན་འགྲུས་གཉིས་ལ་ལེཌ་བསྟེན་ཏེ། །
ཐོས་བསམ་རིན་ཆེན་ནོར་བུ་ལེན་བཞིན་གདའ། །
དགེ་རྒན་།
ས་སྨྱུག་དཀར་པོ་རང་གི་ཟས་སུ་བསྟེན།།
མཛེས་སྡུག་ལང་ཚོ་ཀ་ཁའི་དབྱངས་རྟས་ཟད།།
ངལ་བ་འཁུར་བཟོད་དམའ་ས་བཟུང་མཁས་པའི། །
བློ་གསལ་བྱིས་པའི་སེམས་ཀྱི་མགོན་པོ་ཁྱེད།།
འདས་པའི་ལོ་ཟླ་།
འདས་པའི་ལོ་ཟླ་གཙང་ཆབ་སྔོན་མོར་འགྲན།།
མིག་གི་རྡེབ་དབང་ཙམ་ལ་ཉིན་ཞག་འདས།།
སུམ་ཅུའི་ཐེམ་སྐས་བརྒལ་ནས་བཞི་བཅུར་ཕྱོཌ། །
ཐམས་ཅད་འཇིག་རྟེན་འདི་ཡི་མགྲོན་དུ་སོམས། །
མི་ལུས་།
དལ་བརྒྱད་འབྱོར་བཅུའི་མི་ལུས་ཐོབ་མོད་ཀྱང་། །
ཆོས་བརྒྱད་སྣང་བས་རང་ཉིད་རང་གིས་འཆོལ། །
མི་རྟག་རྟག་པར་བརློམས་ནས་རང་ཉིད་ཟད། །
སྡིག་པའི་ལས་བགྱི་ལས་འབྲས་ཆུ་བཞིན་རྙོག །
དངུལ་ལོར་།
མཐོང་ན་ཀུན་གྱི་ཡིད་ལ་བརྣབ་སེམས་སྐྱེས།།
མང་ན་རང་ཚུགས་ཤོར་བའི་དོན་ཡང་གཉེར།།
མེད་ན་མི་འགྲིག་ཉུང་ནའང་མི་འགྲིག་སྟེ།།
ཐམས་ཅད་བྱེད་པོ་ཀུན་དགའ་དོན་གྲུབ་ཁྱོད།།