ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཡོངས་ཞིང་ལས་ཁོངས་གཏོགས་ཀྱི་རིགས་གཅིག་མཁས་ཅན་33བོད་ཀྱི་ཞིང་འབྲོག་ཚན་པ་དང་གྲོང་ཁྱེར་7དུ་དུས་ཡུན་ཉིན་20ཡི་ལག་རྩལ་མཛུབ་ཁྲིད་ཀྱི་ལས་ཀར་ཞུགས་ནས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་རྒྱལ་ཡོངས་ཞིང་ལས་ཁོངས་གཏོགས་ཀྱི“རིགས་གཅིག་མཁས་ཅན་བོད་དུ་ཡོང་བའི”བྱེད་སྒོ་དེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་12ནས་འདེམས་སྒྲུག་ཞིབ་ཚགས་བྱས་པའི་རྐང་འཛིན་རིགས་གཅིག་མཁས་ཅན་33གྱིས“དུས་ཐུང་བོད་སྐྱོར”བྱས་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་དང་། གཟན་རྩྭ་འདེབས་འཛུགས། སྲོག་ཆགས་ཀྱི་རིམས་འགོག་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་སོགས་ཐད་ཆེད་ལས་ཀྱི་རྩལ་ནུས་དམར་ཁྲིད་བྱས་ཏེ་ལག་རྩལ་ཞབས་ཞུ་སྤེལ་རྒྱུ་ཡིན་པ་རེད།
ཞིང་ལས་པུའུ་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་གཞོན་པ་ལིའུ་པེ་ཧོ་ཡིས་བོད་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ལག་རྩལ་ལ་གཞིགས་ཏེ་ད་རེས་རིགས་གཅིག་མཁས་ཅན་བོད་དུ་ཡོང་ནས་ལག་རྩལ་མཛུབ་ཁྲིད་དང་གསོ་སྦྱོང་། ཚན་ཞིབ་མཉམ་ལས་དང་འགག་སྒྲོལ་བཅས་བྱས་ཏེ་བོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་བོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་མགྱོགས་སུ་བཏང་ཐོག་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་བསྟན་ཡོད།
བོད་ཀྱི་ལྗོངས་ཡོངས་ཀྱི་ཞིང་ལས་མི་འབོར་གྱིས་མི་འབོར་ཡོངས་ཀྱི་བཅུ་ཆ་བརྒྱད་ཡན་ཟིན་གྱི་ཡོད་པས། ཞིང་འབྲོག་ལས་ནི་རྨང་གཞིའི་ཐོན་ལས་དང་དམངས་འཚོའི་ཐོན་ལས་ཡིན། ལྗོངས་ཡོངས་སུ་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་350ཡོད་པ་དང་། རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར་13ཡོད་པས་དེ་ནི་རྒྱལ་ཡོངས་ཀྱི་རྩྭ་ཐང་འབྲོག་ཁུལ་ཆེ་གྲས་ལྔའི་ཆ་ཤས་ཤིག་ཡིན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཞིང་འབྲོག་ལས་ཀྱི་གྲུབ་ཆ་མགྱོགས་མྱུར་ལེགས་སྒྲིག་དང་ལེགས་བཅོས་བྱས་ནས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ་བཏོན་ཡོད།