དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཤོག་ཆག་སྤྲོད་ཤེས་ཀྱང་ཁ་ཡིག་འབྲི་མི་ཤེས་ན་བཞད་གད་ཀྱི་རྒྱུར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-16

    བོད་རིགས་ཀྱི་བྱ་བ་བཟང་ངན་གང་བྱས་ཀྱང་ཁ་བཏགས་དང་ཤོག་ཆག་ནི་མེད་དུ་མི་རུང་བ་ལྟ་བུ་ཞིག་ཡིན་ལ་ཤོག་ཆག་གི་ཁ་ཡིག་འབྲི་ཚུལ་ཡང་མི་འདྲ་བའོ།

    ༡ གཉེན་སྒྲིག་ལྟ་བུ་ཡིན་ན།  “ཁྲུང་སའི་བཀྲ་ཤིས་རྟེན་མཚོན་སྒོར”ཞེས་པའམ་ཡང་ན་“གསོལ་འབྲས་དོད”ཅེས་སམ། ཡང་ན་“ནམ་དོད་”ཅེས་ཀྱང་འབྲི་སྲོལ་ཡོད་དེ་ཆང་སའི་རྟེན་འབྲེལ་ཐོག་བུ་དང་མནའ་མ་སོགས་ལ་རྟེན་མཚོན་དུ་གོས་སྣ་སྤྲོད་

    སྲོལ་ཡོད་པས་དེའི་དོད་དངུལ་ཤོག་ཆག་བརྒྱབ་པས་ན་གོས་དོད་དམ་ན་བཟའི་དོད་དེ་ནམ་དོད་ཅེས་སོ།  ཆང་སའི་རྟེན་འབྲེལ་སོགས་ཀྱི་ཐོག་ཏུ་ལས་ཀ་བྱེད་མཁན་གཡོག་པོའམ་ཞབས་ཞུ་བ་རྣམས་ལ་ཤོག་ཆག་སྤྲོད་སྲོལ་ཡོད་པས་དེའི་ཁ་ཡིག་ཏུ་ཁྲུངས་རིན་

    སྒོར་ཞེས་བྲིས་པའི་རྗེས་སུ་སོར་གང་ཙམ་ཕབ་ཏེ་“ཕུལ།”ཅེས་འབྲི་སྲོལ་ཡོད།

    ༢ ཁང་པ་གསར་རྒྱག་གི་ཐོག་བཀབ་པའི་ཐོག་གསོལ་དང་།  ཁང་པ་ཡོངས་སུ་གྲུབ་ཏེ་དངོས་སུ་སྤོ་སྡོད་བྱས་ནས་ཐབ་ལ་མེ་གཏོང་བའི་ཉིན་མོ་ཐབ་ཁ་བྲོའམ་ཁང་གསོལ་བཅས་ལ་རྟེན་འབྲེལ་བྱེད་པའི་སྐབས་ཤོག་ཆག་གི་ཁ་ཡིག་ཏུ་“གཟིམས་ཤག་གསར་

    བཞེངས་ཀྱི་ཞལ་བྲོའི་རྟེན་མཚོན་སྒོར། ”ཞེས་པའམ་ཡང་“གསོལ་འབྲས་དོད་”ཅེས་ཀྱང་བྲིས་ཆོག  མདོར་ན་བཀྲ་ཤིས་པའི་བྱ་བ་ཡིན་ཕྱིར་“རྟེན་འབྲེལ་མཚོན་བྱེད”ཅེས་པ་ཀུན་ལ་བྲིས་ཀྱང་མ་འགྲིག་པ་མེད།

    ༣ དགའ་ཉེ་སྤུན་མཆེད་ནད་མནར་གྱིས་ལུས་པའི་ཚེ་ནད་སྐོར་རྒྱག་སྐབས་ཤོག་ཆག་སྤྲོད་སྲོལ་ཡོད་པས།  ཤོག་ཆག་གི་ཁ་ཡིག་ཏུ་“སྙུན་གསོས་དོད་སྒོར”ཞེས་འབྲི་སྲོལ་འདུག

    ༤ སྐྱེས་སྐར་རྟེན་འབྲེལ་གྱི་ཤོག་ཆག་གི་ཁ་ཡིག་ཏུ་“འཁྲུངས་སྐར་བཀྲ་ཤིས་རྟེན་མཚོན”ནམ་ཡང་ན་“རྟེན་འབྲེལ་མཚོན་བྱེད”དམ་“གསོལ་འབྲས་དོད”ཅེས་ཀྱང་འབྲི་བཞིན་འདུག

    ༥  འགྲུལ་པ་ཐག་རིང་དུ་ཐོན་ཁའི་དགའ་སྐྱེལ་བྱེད་པའི་ཤོག་ཆག་གི་ཁ་ཡིག་ཏུ་“ཕེབས་རྫོངས་རྟེན་མཚོན”ནམ་“ཕེབས་རྫོང་དོད”ཅེས་པའམ་“རྟེན་འབྲེལ་མཚོན་བྱེད”ཅེས་བྲིས་པའོ།

    ༦  རང་ལ་རོགས་བྱེད་མཁན་ནམ་རྟེན་འབྲེལ་ཆེ་མོའི་སྐབས་སུ་རོལ་ཆ་གཏོང་མཁན་དང་མ་ཆེན་ཆེ་མོ་བ་ལྟ་བུར་སྤྲོད་བྱེད་ཐོག་“ཐུགས་རྗེ་ལེགས་འབུལ”ཞེས་པའམ་“ལེགས་སྐྱེས་སྒོར”ཞེས་འབྲི་ཡི་ཡོད།

    ༧ མི་ཤི་བྱུང་བའི་ཚེ་སེམས་གསོའི་ཤོག་ཆག་གི་ཁ་ཡིག་ཏུ་“ཐུགས་གསོས་སྒོར”ཞེས་འབྲི་བ་དང་།  དེ་མིན་སྐུ་ཕུང་ཕྱིར་མ་ཐོན་གོང་གི་ཤོག་ཆག་ལ་“དཀར་མེའི་ཞལ་འདེབས”ཞེས་འབྲི་བ།  བདུན་ཚིགས་རྣམས་སུ་“མཆོད་སྤྲིན་་ཞལ་འདེབས”ཞེས་

    པ་འབྲི་བའོ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།