ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། འཚོ་བཅུད་ནི་གཟུགས་གཞི་བདེ་ཐང་ཡོང་བའི་རྨང་གཞི་ཡིན། དམངས་ཡོངས་ཀྱི་འཚོ་བཅུད་གཟའ་འཁོར་རིང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས། ཀྲུང་གོ་འཚོ་བཅུད་སློབ་ཚོགས་བཅས་ཀྱིས་ཚེས་16ཉིན་པེ་ཅིང་དུ་ཀྲུང་གོའི་བདེ་ཐང་ཤེས་བྱ་བརྒྱུད་བསྒྲགས་སྐུལ་གཏོང་འཆར་གཞིའི་ཤིང་ཏོག་དང་སྔོ་ཚལ་གྱི་འཚོ་བཅུད་དེ་ལྟོ་ཆས་ནང་གི་འཚོ་བཅུད་དང་དོ་སྙོམས་ཡོང་བའི་རྣམ་གྲངས་མཉམ་འབྲེལ་ཐོག་ལག་ལེན་བསྟར་ནས་སྤྱི་དམངས་ཀྱིས་སྔོ་ཚལ་དང་ཤིང་ཏོག་མང་ཙམ་ཟ་དགོས་པའི་འབོད་སྐུལ་བྱས་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུས་གཅོང་ནད་ཁྲུའི་ཁྲུའུ་ཀྲང་ཝུའུ་ལེའང་གིས་ཀྲུང་གོའི་ཡུལ་མིའི་འཚོ་བཅུད་དང་གཅོང་ནད་གནས་ཚུལ་སྙན་ཞུའི(2015ལོ)ནང་རང་རྒྱལ་གྱི་ཡུལ་མིའི་སྔོ་ཚལ་གྱི་འཚོ་བཅུད་མི་འདང་བ་དང་སྔོ་ཚལ་ཟ་ཉུང་དུ་འགྲོ་བ་དང་སྦྲགས་ཤིང་ཏོག་ཟ་ཚད་ཀྱང་འདང་གི་མེད་པ་འཁོད་ཡོད། གཅིན་སྙི་ཟགས་ཁུའི་ནད་དང་ཁྲག་ཤེད་མཐོ་བ་སོགས་གཅོང་ནད་དེ་དག་རྒྱུན་གཏན་གྱི་ཟ་འཐུང་གོམས་གཤིས་དང་འབྲེལ་བ་ཟབ་མོ་ཡོད་ཅེས་བཤད་པ་རེད།
ཀྲུང་གོ་བདེ་ཐང་ཤེས་བྱ་བརྒྱུད་བསྒྲགས་སྐུལ་གཏོང་འཆར་གཞི་ནི་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། ཀྲུང་གོ་བདེ་ཐང་སློབ་གསོ་ལྟེ་གནས། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་དང་མཛུབ་ཁྲིད་བྱེད་པའི་བདེ་ཐང་ཤེས་བྱ་བརྒྱུད་བསྒྲགས་རྣམ་གྲངས་ཤིག་ཡིན། རྣམ་གྲངས་དེ་2005ལོར་བཏོན་པ་དང་ལོ་ལྟར་མང་ཚོགས་ཀྱི་བདེ་ཐང་ལ་ཉེན་ཁ་བཟོ་བའི་གཅོང་ནད་དམ་ཡང་ན་ཉེན་ཡོད་རྒྱུ་རྐྱེན་བརྗོད་བྱ་གཙོ་བོར་བྱས་ཏེ་མང་ཚོགས་ལ་དམིགས་པའི་རིམ་སྤེལ་བདེ་ཐང་བརྒྱུད་བསྒྲགས་བྱེད་སྒོ་སྤེལ་གྱི་ཡོད། ཟླ་6ཚེས་16ཉིན་དང་ཚེས་17ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པའི་སྐབས་བདུན་པའི་ཀྲུང་གོའི་གཅོང་ནད་དོ་དམ་ཚོགས་ཆེན་ཐོག་རིགས་གཅིག་མཁས་ཅན་གྱིས་རང་རྒྱལ་གྱི་གཅོང་ནད་འགོག་བཅོས་དུས་བབ་དང་། འཕྲད་པའི་གནད་དོན་དང་འགྲན་སློང་སོགས་ཐད་གྲོས་འགོ་དང་ཁ་གཏད་གཅོག་ཐབས་འདོན་རྒྱུ་རེད།