དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྟེན་འབྲེལ་ལས་འཕྲོས་པའི་སློབ་གསོའི་སྐོར་གྱི་བསམ་གཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་ཆོས།   |     སྤེལ་དུས།  2016-06-10

    སློབ་གསོ་ནི་མི་རིགས་ཡར་ཐོན་གྱི་ཐེམ་སྐས་དང་སྤྱི་ཚོགས་འཆམ་མཐུན་གྱི་གཞི་རྒྱུ་ལྟ་བུ་ཡིན་པས། མི་རིགས་སམ་རྒྱལ་ཁབ་ཅིག་གི་སློབ་གསོའི་གནས་བབ་ཀྱིས་མི་རིགས་འདིའི་མ་འོངས་པའི་འཕེལ་ཕྱོགས་གསལ་པོར་མངོན་ཐུབ། དེ་ཡང་རྒྱུ་སློབ་གསོར་མཐོང་ཆེན་བྱས་པ་ལས་འབྲས་བུ་སློབ་གསོའི་བྱ་གཞག་གོང་མཐོར་འགྲོ་བ་དང་། དེའི་སྟོབས་ཀྱིས་སྔོན་ཐོན་གྱི་མི་རིགས་སམ་རྒྱལ་ཁབ་གཅིག་གྱུར་ཡོང་བ་ནི་རྒྱུ་ཚོགས་གྲངས་ཚང་གི་རྟེན་འབྲེལ་གྱི་རྣམ་གཞག་ལས་མ་འདས། སྐབས་འདིར་བསྟན་པའི་རྟེན་འབྲེལ་གྱི་དོན་ནི་དངོས་གཙོ་སྨྲ་བའི་ལུགས་བཞིན་རྒྱུ་འབྲས་ཀྱི་རྣམ་གཞག་ལ་གོ་བར་བྱས་ནས། རྒྱུ་གང་ཞིག་སྔོན་དུ་བཏང་ན་རང་རེའི་སློབ་གསོའི་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཚུལ། དེ་བཞིན་སློབ་གསོའི་བྱ་གཞག་ལེགས་གྲུབ་ཡོང་བར་དགེ་རྒན་དང་། ཁྱིམ་ཚང་། སྤྱི་ཚོགས་སོགས་རྒྱུ་ཕུན་སུམ་ཚོགས་པོ་སྔོན་དུ་འགྲོ་དགོས་ཚུལ་ཅུང་ཙམ་གླེང་བར་བྱའོ།

    སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་འགག་རྩ་ཡིན་ན། སློབ་གསོ་མྱོང་མཁན་གྱི་སློབ་མ་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོ་རེད། རྒྱུ་མཚན་དེའི་དབང་གིས་ཞོགས་པའི་ཉི་གཞོན་ལྟར་བཀྲག་མདངས་ཀྱི་འོད་ཟེར་རབ་ཏུ་འཕྲོ་བའི་སློབ་ཆུང་སློབ་མར་ཡང་དག་པའི་སློབ་གསོ་གཏོང་རྒྱུ་ནི་ཕ་མ་དང། དགེ་རྒན། སྤྱི་ཚོགས་གསུམ་གྱི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ཉག་ཅིག་གོ

    སྤྱི་ཚོགས་ཟེར་བའང་མིའི་རིགས་ཀྱིས་གྲུབ་པ་ཞིག་ཡིན་སྟབས་མིའི་རིགས་ལ་སློབ་གསོ་བཟང་པོ་ཞིག་མྱོང་དུ་བཅུག་ན། ཡ་རབས་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་ནི་ཆོས་ཉིད་ལས་མ་འདས་ཏེ། མི་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཡིན་པའི་ཕྱིར། ཡིན་ནའང་དངོས་ཡོད་ཀྱི་སློབ་གསོའི་ཐབས་ལམ་ཁྲོད་མ་འདང་བའི་ཆ་མང་དུ་སྣང་བ་ནི་དགེ་རྒན་དང་། སློབ་མ། ཁྱིམ་བདག སྤྱི་ཚོགས་ཚང་མར་དོར་དུ་མེད་པའི་འགན་འཁྲི་ཡོད་པ་ནི་མངོན་སུམ་རིག་པས་གྲུབ་བོ།

    དེས་ན་སློབ་གསོ་གཏོང་ཡུལ་དང་སློབ་གསོ་གཏོང་མཁན་ཏེ་ཕྱོགས་གཉིས་ཀྱི་སྟེང་ནས་སློབ་གསོའི་འཕེལ་ཕྱོགས་ཐད་ཀྱི་གནད་དོན་འགའ་བརྗོད་རྒྱུ་ཡིན། ཐོག་མར་སློབ་མའི་སྦྱངས་འབྲས་གོང་མཐོར་གཏོང་དགོས་ན། རྒྱུ་གཙོ་བོ་ནི་སློབ་མ་རང་ཉིད་ལ་ཐུག་ཅིང་། དགེ་རྒན་དང་། ཕ་མ། སྤྱི་ཚོགས་བཅས་ནི་ལྷན་ཅིག་བྱེད་རྐྱེན་ལྟ་བུ་རེད།

    དང་པོ། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་ཡིན།

    བུ་ཕྲུག་གི་དགེ་རྒན་ཐོག་མ་ནི་ཕ་མ་ལས་མ་འདས་པས་ཕ་མའི་རྣམ་ཀུན་གྱི་སྐད་ཆ་ཤོད་སྟངས་དང་བྱ་བྱེད་ཚང་མས་བུ་ཕྲུག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། དེ་ཡང་གནའ་མིའི་གཏམ་དཔེར་བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན། ཞེས་བརྗོད་པ་ལྟར་ཕྲུ་གུའི་ལད་མོ་བྱེད་ས་ཐོག་མ་ནི་ཕ་མ་ཡིན་རྐྱེན། ཕ་མའི་བྱ་བྱེད་བཟང་ངན་ལས་ཕྲུ་གུའི་ལྷད་མེད་ཀྱི་བསམ་བློར་བཟང་ངན་གྱི་གོམས་གཤིས་མི་འདྲ་བ་ཡོང་སྲིད། དེ་ཡང་ཕ་མའི་བྱ་སྤྱོད་ལས་བུ་ཕྲུག་གི་མ་འོངས་པའི་བྱ་སྤྱོད་གང་འདྲ་ཞིག་ཡོང་མིན་དཔོག་ཐུབ་ལ། ཕྲུ་གུའི་བྱ་སྤྱོད་ལས་ཕ་མའི་སྤྱོད་པ་བཟང་ངན་ཤེས་ཐུབ། རྒྱུ་མཚན་དེའི་དབང་གིས་ཕ་མ་གཉིས་ཀྱིས་ཕྲུ་གུར་མིག་དཔེ་བཟང་པོ་ཞིག་བསྟན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེའོ།

    དེ་ཡང་ཕ་མ་སུ་འདྲ་ཞིག་ཡིན་རུང་སློབ་གསོའི་གལ་ཆེའི་རང་བཞིན་ནམ་བུ་ ཕྲུག་གི་མ་འོངས་པར་མིག་རྒྱང་རིང་པོས་བལྟས་ཏེ་ཕྲུ་གུ་སློབ་གྲྭར་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས། དེ་བཞིན་ཁྱིམ་ནས་ཕྲུ་གུ་སློབ་གྲྭར་བཏང་རྗེས་འགན་འཁྲི་ཡོད་ཚད་སློབ་གྲྭར་ཡོད་པ་ལས་རང་ཉིད་དང་འབྲེལ་བ་མེད་སྙམ་རྒྱུ་མེད་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ཕྲུ་གུའི་འཚར་ལོངས་ལ་དོ་འཁུར་མང་ཙམ་བྱེད་དགོས།

    མ་གཞི་སློབ་མའི་སྦྱང་འབྲས་ལེགས་ཉེས་ཀྱི་རྒྱུ་གཙོ་བོ་སློབ་མ་རང་རང་གི་འབད་པ་ལ་བལྟོས་དགོས་ཀྱང་། ཁྱིམ་བདག་བཟང་པོ་དང་དགེ་བའི་བཤེས་གཉེན་སོགས་ལྷན་ཅིག་བྱེད་རྐྱེན་གྱི་གྲོགས་མེད་ན་སྦྱངས་འབྲས་ཡག་པོ་མི་ཐོབ་པ་སྟེ། རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར། དེས་ན་སློབ་མའི་སྦྱངས་འབྲས་ལེགས་པོ་ཡོང་བར་སློབ་མ་ཙམ་མ་ཡིན་པར་ཁྱིམ་བདག་དང་། དགེ་རྒན། སྤྱི་ཚོགས་སོགས་ཕྱོགས་ཡོངས་ཀྱིས་རང་རང་གི་ནུས་པ་འདོན་དགོས། དེ་ལྟར་བྱུང་ཚེ་སློབ་གསོའི་བྱ་གཞག་གོང་མཐོར་འགྲོ་ངེས་ཡིན་ནོ།

    ཕ་མས་སློབ་གསོར་ཡང་དག་པའི་གོ་བ་ལོན་ཆེད། སློབ་གསོའི་གལ་ཆེའི་རང་བཞིན་དང་སློབ་གསོ་མེད་པའི་ཉེས་སྐྱོན་སོགས་གླེང་ནས། སློབ་གསོའི་བྱ་བ་ལེགས་གྲུབ་ཡོང་བར་རྒྱུ་དགེ་རྒན་དང་སློབ་མ་གཅིག་པུར་རག་ལུས་པ་ཞིག་མིན་པར་ཕ་མར་ཡང་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་དགོས་ལ། ཕ་མ་ཚོས་རང་ཉིད་ཀྱི་ལས་ཀ་འབའ་ཞིག་དང་དངུལ་གྱིས་ཕྲུ་གུའི་བདེ་སྐྱིད་ཁ་གསབ་ཐུབ་པའི་བློ་སྤངས་ནས། བུ་ཕྲུག་གི་སློབ་སྦྱོང་དང་སློབ་གྲྭའི་ནང་གི་འཚོ་བ་སོཌ་གང་ས་ཅི་ཐད་ལ་རྒྱུས་མངའ་ལོན་གང་ཐུབ་བྱེད་དགོས་པའི་གནད་འགག་ཤེས་སུ་འཇུག་དགོས།

    གཉིས་པ། དགེ་རྒན་དང་སློབ་མའི་དབར་གྱི་འབྲེལ་བ།

    དགེ་རྒན་ནི་སློབ་གསོ་གཏོང་མཁན་དང་སློབ་མ་ནི་སློབ་གསོ་དང་ལེན་བྱེད་་མཁན་ཡིན་པས། དེ་གཉིས་ཀྱི་འབྲེལ་བ་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད། དེས་ན་དགེ་སློབ་གཉིས་པོའི་བསམ་བློ་ཡ་བྲལ་དུ་མི་འགྲོ་བར་བློ་མཐུན་པོ་ཞིག་དགོས་རྒྱུ་ནི་གཙོ་བོ་སྟེ། དགེ་རྒན་གྱིས་སློབ་གསོ་གཏོང་འདོད་པ་དང་། སློབ་མས་དང་ལེན་བྱེད་འདོད་པའི་མོས་པ་གཉིས་ཚོགས་ཤིག་དགོས། དཔེར་ན། སློབ་ཚན་ཚོགས་ཐེངས་གཅིག་ལེགས་གྲུབ་བྱུང་མིན་ཡང་དགེ་རྒན་གྱི་སློབ་ཁྲིད་ཐབས་ལམ་དང་། སློབ་མའི་ཉན་འདོད་ཀྱི་བསམ་པ་གཉིས་ཀར་རག་ལས་ཡོད། མདོར་ན་དགེ་རྒན་ནི་འཁྲབ་ཁྲིད་པ་དང་སློབ་མ་ནི་འཁྲབ་མི་ལྟ་བུ་ཡིན་པས་གློག་བརྙན་ཡག་པོ་ཞིག་འཁྲབ་ཐུབ་མིན་ནི་འཁྲབ་ཁྲིད་པའི་སྣེ་ཁྲིད་བཟང་པོ་ཡོད་མེད་དང་། འཁྲབ་མིས་འཁྲབ་མཁས་པོ་ཡོད་མེད་གཉིས་ཀར་རག་ལས་པ་བཞིན་ནོ།

    དེས་ན་དགེ་སློབ་གཉིས་པོ་ཕན་ཚུན་གཞོགས་འདེགས་ཡག་པོ་བྱེད་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་སྟེ། དགེ་རྒན་ནི་ལམ་སྟོན་པ་པོ་དང་སློབ་མ་ནི་ལམ་འདིར་དངོས་སུ་འགྲོ་མཁན་དེ་ཡིན་པས། དགེ་སློབ་གཉིས་བློ་མཐུན་པོ་དང་གཞོགས་འདེགས་ཡག་པོ་མ་བྱུང་ན་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཁག་པོ་ཡིན།

    དགེ་རྒན་གྱིས་བྱམས་སྐྱོང་གི་བསམ་བློ་མ་སྙོམ་པར་ཕྱོགས་རིས་ཅན་དུ་སོང་ནས། སྦྱངས་འབྲས་ཞན་པའི་སློབ་མ་བློས་བཏང་སྟེ། ཁོ་ཚོའི་སློབ་སྦྱོང་ལ་དོ་སྣང་མི་བྱེད་པ་མ་ཟད། སྡོད་ས་ཡང་བརྒྱབ་ཏུ་བཞག་པ་སོགས་ཀྱི་བསམ་བློ་འཁྱེར་མི་རུང་ལ་སློབ་མའི་ངོས་ནས་ཀྱང་དགེ་རྒན་ལ་བརྩི་འཇོག་མི་བྱེད་པ་དང་། དགེ་རྒན་ལ་ཁ་ལན་སློག་པ། ཐ་ན་དགེ་རྒན་དང་འཛིང་རེས་བྱེད་པ་སོགས་ཀྱི་སྣང་ཚུལ་ངན་པ་དེ་རིགས་དོར་དགོས།

    ཐོག་མར་དགེ་རྒན་ཞིག་ཡིན་ཕྱིན་སྦྱངས་འབྲས་ལེགས་ཉེས་ལ་མ་བལྟོས་པར་སློབ་ཕྲུག་ཚང་མར་ཉེ་རིང་མེད་པའི་བསམ་བློས་རང་གི་བུ་བཞིན་སྐྱོང་དགོས། དེ་ཡང་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། བཤེས་གཉེན་འདུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གི་ཕྱུག དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན་ཞེས་གསུངས་པ་ལྟར་ལགས།

    དགེ་རྒན་གྱི་འགན་འཁྲི་ནི་སློབ་མར་ཤེས་བྱ་ངོ་སྤྲོད་བྱེད་པ་ཙམ་མིན་པར་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། དེར་བརྟེན་དགེ་རྒན་གྱིས་བྱམས་དང་སྙིང་རྗེའི་ཀུན་སློང་བཟང་པོས་སློབ་མ་སྐྱོང་དགོས་ཤིང་། སློབ་མས་ཀྱང་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་དགེ་རྒན་ལ་བརྟེན་ནས་རྟོགས་པར་བསམས་ནས་ཡིག་འབྲུ་ན་གཅིག་བསླབ་པར་ཡང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་འཛིན་ནས་གུས་པར་བཀུར་དགོས་ལ། དེ་བས་ཀྱང་དགེ་སློབ་གཉིས་ཀྱི་འབྲེལ་བ་དེ་ཡང་ཧ་ཅང་རིང་ཡང་མི་རིང་ཧ་ཅང་ཉེ་ཡང་མི་ཉེ་བ་ཞིག་དགོས་ཏེ། ཉེ་ན་སློབ་མས་དགེ་རྒན་ལ་གྲོང་པའི་བླ་མ་བཞིན་བརྩི་འཇོག་མི་བྱེད་པ་དང་། རིང་ན་དགེ་སློབ་གཉིས་ཀྱི་དབར་ལ་བརྩེ་བ་མེད་པར་ཕན་ཚུན་བསམ་བློ་རྟོཌ་དཀའ་བར་གྱུར། ལྷག་པར་དུ་སྐར་འབྲས་རྐྱང་པས་སློབ་མའི་སྦྱངས་འབྲས་ལེགས་ཉེས་ཀྱི་ཚད་གཞི་འཛིན་པའི་མཐའ་གཅིག་འཛིན་གྱི་བློ་ཙམ་མིན་པར་སློབ་མའི་ཀུན་སྤྱོད་དང་སྦྱངས་འབྲས་སོགས་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུ་ནི་གལ་འགངས་ཆེ་བར་མངོན་ནོ།

    གསུམ་པ། སློབ་མ་དང་སྤྱི་ཚོགས་ཀྱི་འབྲེལ་བ།

    སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ནི་མི་ཡིན་པས་སློབ་མའང་སྤྱི་ཚོགས་ནང་གནས་ཡོད། དེས་ན་སློབ་མ་ནི་སྤྱི་ཚོགས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན། དེར་བརྟེན་སྤྱི་ཚོགས་སྟེང་གི་སློབ་གསོའི་སྣང་ཚུལ་ལས་སློབ་མ་ཚོས་སློབ་གསོར་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་འགྲོ་ངེས་ཡིན། དེས་ན་སྤྱི་ཚོགས་སྟེང་གི་ལས་རིགས་གང་འདྲ་ཞིག་ཡིན་རུང་ཚང་མས་སློབ་གསོའི་ལས་རིགས་ལ་མཐོང་ཆེན་དང་སློབ་གསོ་གཏོང་མཁན་ལ་བརྩི་འཇོག་སོགས་བྱས་ན་མ་འོངས་པའི་སློབ་གསོའི་བྱ་གཞག་ལ་སྔར་ལས་ལྷག་པའི་འབྲས་བཟང་ཐོབ་རྒྱུ་ནི་རྒྱུ་སྔོན་དུ་སོང་བ་ལས་འབྲས་བུ་སྐྱེ་བའི་ཆོས་ཉིད་ལས་མ་འདས་སོ།

    མདོར་ན་སློབ་གསོའི་བྱ་གཞག་གོང་མཐོར་གཏོང་དགོས་ན་དགེ་རྒན་དང་། སློབ་མ། ཁྱིམ་བདག་སོགས་ཁོ་ནའི་འབད་བརྩོན་ལ་མི་ལྟོས་པར་སྤྱི་ཚོགས་སྟེང་གི་ལས་རིགས་ཡོངས་ཀྱི་རང་རང་གི་ནུས་ཤུགས་འདོན་རྒྱུ་ནི་འགག་རྩ་ཡིན་པས་རྒྱུ་དང་འབྲས་བུའི་རྟེན་འབྲེལ་གྱི་རྣམ་གཞག་ལ་བསམས་ནས་སློབ་གསོའི་བྱ་གཞག་ལ་འབྲས་བཟང་ཐོབ་པའི་ཆེད་དུ་དེ་དང་མཐུན་པའི་རྒྱུ་ཕུན་སུམ་ཚོགས་པ་སྔོན་དུ་འགྲོ་དགོས་རྒྱུ་ནི་ཆོས་ཉིད་ལས་མ་འདས་སོ།

    གསལ་བཤད། རྩོམ་ཡིག་འདི་ནི་བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ཚན་རྩལ་གསར་གཏོད་མི་སྣ་གསོ་སྐྱོང་ཐེབས་རྩའི་རྣམ་གྲངས་ཀྱི་གྲུབ་འབྲས་ཚན་པ་ཡིན།

    ( བསྟན་ཆོས། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2013ལོའི་ཞིབ་འཇུག་སློབ་མ། )

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།