འདི་ནི་ལྷ་སའི་མཐོ་རྒྱུགས་གཅེས་སེམས་ཐད་གཏོང་རླངས་འཁོར་གྱིས་སློབ་མ་རྒྱུགས་རར་སྐྱེལ་བཞིན་ཡོད་པ།
ཚེས་7ཉིན་གྱི་ཞོགས་པར། ལྷ་ས་སློབ་འབྲིང་དང་བར་ཐག་ཉེ་བའི་མགྲོན་ཁང་ཞིག་ནང་ལོ་44ལ་སླེབས་པའི་སྐལ་བཟང་ཉི་མས་སྒེའུ་ཁུང་ནས་པོ་ཏ་ལའི་ཕྱོགས་སུ་བལྟས་ཏེ་ལག་གཉིས་ཐལ་མོ་སྦྱར་བཞིན“ཡིག་རྒྱུགས་ནང་ཞུགས་མཁན་ཕྲུ་གུ་ཚང་མས་རྒྱུགས་འབྲས་ལེགས་པོ་ལོན་པའི་སྨོན་ལམ་བཏབ”
ཚེས་7ཉིན་ལོ་རྒྱུས་ཐོག་ནན་ཤོས་ཀྱི་མཐོ་རྒྱུགས་གཏོང་འགོ་ཚུགས་ཤིང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་ནས་ཤེས་རྟོགས་བྱས་པར། འདི་ལོར་བོད་དུ་མཐོ་རྒྱུགས་གཏོང་མཁན་སློབ་མ་23976ཡོད་ལ། སྐལ་བཟང་ཉི་མའི་བུ་བསྟན་འཛིན་ཚེ་ནོར་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་རེད།
སྐལ་བཟང་ཉི་མའི་ཁྱིམ་ནི་ལྷ་སའི་གྲོང་འདབས་ཀྱི་སྐྱོར་མོ་ལུང་གྲོང་ཚོར་ཡོད་པ་དང་ལྷ་ས་སློབ་འབྲིང་གི་རྒྱུགས་ར་དང་ཆུ་ཚོད་གཅིག་གི་ལམ་ཚད་ཡོད་པ་རེད། ཡིག་རྒྱུགས་ལ་འཐུས་ཤོར་མི་འགྲོ་ཆེད། ཁོང་དང་བཟའ་ཟླ་པ་སངས་ཀྱིས་རྒྱུགས་རའི་ཉེ་འགྲམ་གྱི་གངས་ལྷ་མེ་ཏོག་མགྲོན་ཁང་དུ་བསྡད་དེ་ཕྲུ་གུར་སྟབས་བདེ་ཡོང་བ་བྱས། ལོ་18ལ་སླེབས་པའི་བསྟན་འཛིན་ཚེ་ནོར་ནི་ལྷ་ས་པེ་ཅིང་སློབ་འབྲིང་མཐོ་རིམ་ལོ་རིམ་གསུམ་པའི་འཛིན་གྲྭ་12པའི་སློབ་མ་ཡིན་པ་དང་རྒྱ་ཡིག་ལ་དགའ་པོ་ཡོད་ལ། གཤིས་ཀ་འཇམ་པའི་ཁོ་ནི་འཛིན་གཙོ་རེད། “ཁྲེང་ཏུའུ་དང་ཝུའུ་ཧན་ནི་ང་རང་དགའ་ཤོས་ཀྱི་ས་ཆ་ཡིན་པས། ས་ཆ་དེ་གཉིས་ཀྱི་སློབ་ཆེན་དུ་རྒྱུགས་འཕྲོད་ན་བསམ”ཞེས་བརྗོད་བྱུང་། ཉིན་དང་པོའི་ཡིག་རྒྱུགས་སློབ་ཚན་ནི་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་རྒྱ་ཡིག་ཡིན་ཙང་བསྟན་འཛིན་ཚེ་ནོར་ལ་དངངས་འཚབ་དེ་ཙམ་མེད་པ་རེད།
ཞོགས་ལྟོ་ཟས་རྗེས་ཆུ་ཚོད་བརྒྱད་པ་ཙམ་ལ་ཕ་བུ་གཉིས་ཐོན་འགོ་ཚུགས་པ་དང་། སྐལ་བཟང་ཉི་མས་བུའི་ལག་ནས་འཇུས་དེ་མདུན་དུ་བསྐྱོད་ཅིང་། མགྲོན་ཁང་ནས་ཞོགས་ལྟོ་ཟས་ཀྱང་ལམ་བར་དུ་ཟ་ཁང་དག་སྒོ་ཕྱེ་བ་མཐོང་སྐབས། སྐལ་བཟང་ཉི་མས་བུ་ལ་ད་དུང་གང་ཟ་འདོད་འདུག་གམ་ཅེས་དྲིས། ཡིག་རྒྱུགས་གཏོང་བར་ད་དུང་ཆུ་ཚོད་གཅིག་ཙམ་ཡོད་ཀྱང་། ལྷ་ས་སློབ་འབྲིང་གི་སྒོ་རྩར་ཡིག་རྒྱུགས་གཏོང་མཁན་སློབ་མ་དང་ཁྱིམ་བདག་གིས་ཁེངས་ཤིང་། སློབ་མ་ལ་ལས་སློབ་དེབ་ལག་པར་བཟུང་ནས་ད་དུང་བསྐྱར་སྦྱོང་བྱེད་བཞིན་འདུག བུ་དངངས་འཚབ་མི་ལངས་ཆེད། སྐལ་བཟང་ཉི་མས་བུ་དང་སྐད་ཆ་བཤད་ནས་སེམས་ལྷོད་དུ་འབབ་པར་བྱས།
ཆུ་ཚོད་བརྒྱད་དང་སྐར་མ་བཅུ་ལ་སློབ་མ་རྣམས་རྒྱུགས་རའི་ནང་འཛུལ་འགོ་ཚུགས།
སྐལ་བཟང་ཉི་མས་བུ་ལ“ཡིག་ཚད་ཡག་པོ་གཏོང་ཤོག དངངས་འཚབ་བྱེད་མི་རུང”ཞེས་ཁ་ཏ་བྱེད་བཞིན་མིག་གིས་སྐྱེལ་མ་བྱས།
“དེ་རིང་ང་དང་བུའི་ཨ་མ་རོགས་པ་བྱེད་པར་ཡོང་བ་ཡིན། བུའི་གཅུང་མོ་སློབ་གྲྭར་སྡོད་ཀྱི་ཡོད། བྱས་ཙང་བུ་མོར་ཁ་ཡ་བྱེད་དགོས་མེད། རྒྱལ་ཁབ་ཀྱིས་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་པར་བརྟེན། ཕྲུ་གུ་གཉིས་ལ་སློབ་གསོའི་གོ་སྐབས་བཟང་པོ་ཐོབ་བྱུང”ཞེས་བརྗོད།
མགྲོན་ཁང་དུ་ལོག་རྗེས་སྐལ་བཟང་ཉི་མས་རླངས་འཁོར་ནང་ནས“མཐོ་རྒྱུགས་གཅེས་སེམས་ཐད་གཏོང་རླངས་འཁོར”ཞེས་པའི་སྦྱར་ཡིག་གཅིག་བཏོན་ནས་རླངས་འཁོར་གྱི་ངོགས་སུ་སྦྱར།
“ཁ་ཉིན་ཀུང་སིས་ཡིག་རྒྱུགས་གཏོང་མཁན་སློབ་མ་དང་ཁྱིམ་བདག་ལ་བདལ་གླ་མི་དགོས་པར་བསྐྱལ་རྒྱུའི་བྱེད་སྒོ་སྒྲིག་འཛུགས་བྱས་སོང་། ངའི་བུ་ཡང་ཡིག་རྒྱུགས་གཏོང་མཁན་ཡིན་པ་དང་ཕྲུ་གུ་གཞན་ལ་རོགས་པ་ཐུབ་ཆེད་མིང་ཐོ་བཀོད་པ་ཡིན”ཞེས་བརྗོད་བྱུང་།