སྤྱི་ལོ་2016ལོའི་ཟླ་4པའི་ཟླ་མཇུག་བར། ལྷ་ས་གྲོང་ཁྱེར་ལ་ཞིང་འབྲོག་མང་ཚོགས་ཚན་རྩལ་ཆེད་མངག་པ་659ཡོད་པའི་ནང་རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་ཆེད་མངག་པ་534དང་གྲོང་ཁྱེར་རིམ་པའི་ཚན་རྩལ་ཆེད་མངག་པ་125ཡོད།
སྤྱི་ལོ་2016ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཏུ་ཚན་རྩལ་ལས་གཏོད་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་བ་དང་། མ་དངུལ་སྒོར་ཁྲི་ཚོ་80བཏང་ནས་ཚན་རྩལ་ཆེད་མངག་པའི་ལས་གཏོད་ཞབས་ཞུ་ཚོགས་པའི་འཛུགས་སྐྲུན་རྣམ་གྲངས་1བརྩོན་ལེན་བྱས་ཏེ། རྫོང(ཆུས)བཞིར་ཞིང་འབྲོག་ཚན་རྩལ་ཆེད་མངག་པའི་ཞབས་ཞུ་ཚོགས་པ་བཞི་བཙུགས་པ་དང་། ཚན་རྩལ་ཆེད་མངག་པའི་ཞབས་ཞུ་ལྟེ་གནས་བཙུགས་ནས་ཞིང་ལས་ཀྱི་ས་བོན་གསར་པ་དང་ལག་རྩལ་གསར་པ་ནང་འདྲེན་དང་དཔེ་སྟོན། ཁྱད་ལྡན་གསོ་སྤེལ་སོགས་ཀྱི་ལས་དོན་སྤེལ་བ་དང་ཆབས་ཅིག ཚན་རྩལ་ཆེད་མངག་པའི་དཔུང་ཁག་སྟོབས་ཆེར་བཏང་བ་དང་དུས་ཚིགས་དང་པོར་ཚན་རྩལ་ཆེད་མངག་པའི་འཚོ་བའི་ཁ་གསབ་སྒོར་ཁྲི་ཚོ་367ལྷག་ཙམ་སྤྲད་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གཤམ་སྤེལ་བྱེད་སྒོ་ཐེངས་གསུམ་སྤེལ་བས་མང་ཚོགས་མི་ཐེངས་5000ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
གཞན་ཡང་། མ་དངུལ་སྒོར་ཁྲི་ཚོ་580བཏང་ནས་ཞིང་འབྲོག་ལས་ཀྱི་རྣམ་གྲངས་6ལག་བསྟར་བྱས་པ་དང་མ་དངུལ་སྒོར་ཁྲི་ཚོ་24བཏང་ནས་ཚན་རྩལ་ཆེད་མངག་པའི་དཔེ་སྟོན་དུད་ཚང་ཆེ་གྲས་བརྒྱད་འཕེལ་རྒྱས་བཏང་ཡོད་པ་རེད།