ཟླ་དགུ་ཞག་བཅུ་མངལ་ཆགས་པའི་དམིགས་ཡུལ་ནི་ཕྲུ་གུ་སྐྱེ་རྒྱུའི་ཆེད་དུ་ཡིན། ཕྲུ་གུ་བདེ་མིན་ནི་མ་བུའི་བདེ་ཐང་དང་ཚེ་སྲོག་ལ་འབྲེལ་བ་ཡོད་པ་ཞིག་ཡིན། སྦྲུམ་མ་དང་ཁྱིམ་མི་ཚང་མས་མངལ་གྲོལ་བའི་དུས་སྐབས་ཀྱི་བདེ་སྲུང་ལ་དེ་བས་དོ་སྣང་བྱས་ཏེ། ཕྲུ་གུ་སྐྱེ་བའི་མཐའ་མའི་འགག་གནད་ལས་བདེ་བླག་ངང་གྲོལ་ཐུབ་པ་བྱེད་དགོས།
སྦྲུམ་མས་ཕྲུ་གུ་སྐྱེ་བའི་སྐབས་ཀྱི་སེམས་ཁྲལ་དང་བུ་སྣོད་འཁུམས་ཤིང་། དབུགས་སྒོམ་པར་བརྟེན། ལྟོ་ཟ་འདོད་མེད་པ་མ་ཟད་ནུས་ཤུགས་ཟད་ཆེ་བས། ངེས་པར་དུ་ནུས་པ་འདང་ངེས་བཞིན་མཁོ་སྤྲོད་བྱས་ཚེ་མངལ་གྲོལ་བའི་ལས་འགན་སྒྲུབ་ཐུབ། སྦྲུམ་མས་བུ་སྣོད་འཁུམས་པའི་བར་གསེང་དུ་ན་ཟུག་མེད་པའི་དུས་ཚོད་གང་ལེགས་སྤྱད་ནས་འཚོ་བཅུད་ཀྱི་རིན་ཐང་མཐོ་ཞིང་དྲོད་ཚད་ཆེ་བ་དང་བཙོག་སྙིགས་ཉུང་ཞིང་བྲོ་ལྡན་སོས་པའི་ཟས་རིགས་འོས་འཚམ་ཟ་དགོས་པ་སྟེ། དཔེར་ན། བྱ་སྒོང་དང་། འོ་མ། ཤ། ཉ། ཤ་རྨིས་དང་སྲན་མས་བཟོས་པའི་ཟས་རིགས་སོགས་ཡིན་ཞིང་། གལ་སྲིད་བཟའ་ཤུགས་ཆེ་དྲགས་ན་གྲོད་པ་ཁེངས་ནས་ཕྲུ་གུ་བདེ་བླག་ངང་གྲོལ་རྒྱུར་འགོག་རྐྱེན་བཟོ་གི་ཡོད་སྟབས་བཟའ་ཤུགས་ཆེ་དྲགས་རྒྱུ་མེད།
དེ་མིན་ཕྲུ་གུ་སྐྱེ་བའི་སྐབས་རྔུལ་ཆུ་མང་པོ་ཐོན་ནས་གཟུགས་པོའི་ཆུ་མང་པོ་ཤོར་གྱི་ཡོད་སྟབས་ཆུའི་འདུས་ཚད་མང་བའི་ཁུ་བ་ཅན་གྱི་ཟས་རིགས་ཟ་དགོས་པ་སྟེ། དཔེར་ན། འཐེན་ཐུག་དང་འབྲས་ཐུག་སོགས་འཐུང་དགོས་ལ་གཟུགས་པོའི་དྲོད་ཚད་གསབ་ཕྱིར་ཁྲོག་ལེ་བཟས་ནའང་ཡག་པོ་ཡོད།