བོད་ཁུལ་གྱི་དགུ་ཐུག་འཐུང་སྲོལ་ལས་འཕྲོས་ཏེ་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་རགས་ཙམ་གླེང་བ།
དམངས་སྲོལ་རིག་གནས་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་ཟས་གོས་གནལ་མལ་དང་འགྲོ་འདུག་སྤྱོད་གསུམ་བཅས་ཀྱི་ནང་དུ་ཡོངས་སུ་སིམ་ནས་ཡོད། དམངས་སྲོལ་རིག་གནས་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྣམ་པ་ཞིག་ཡིན་པ་མ་ཟད། ད་དུང་མི་རབས་ནས་མི་རབས་བར་རྒྱུད་དེ་རྒྱུན་འཛིན་བྱས་པ་ཞིག་ཡིན་སྟབས་དེར་གཏན་འཇགས་ཀྱི་ཁྱད་ཆོས་ཤིག་ཡོད་ལ། དེ་ལས་མི་རིགས་གཅིག་གི་རིག་གནས་ཀྱི་ཆ་ཤས་ཞིག་ཀྱང་མངོན་ཐུབ་ཀྱི་ཡོད་ཅིང་། དེར་སྲུང་དགོས་པའི་རེ་བ་དང་རིན་ཐང་གི་ཚད་གཞི་ཞིག་ཀྱང་ཡོད་པས་དེས་ཕྱི་ཚུལ་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་ཚད་གཞི་ཞིག་བཟོ་གི་ཡོད་ལ་ནང་ཁུལ་ནས་ཡང་བསམ་བློའི་ཐོག་ནས་མི་རྣམས་ལ་ལྟ་བ་ཞིག་ཀྱང་གསོ་སྐྱོང་བྱེད་ཀྱི་ཡོད་པས་དམངས་སྲོལ་རིག་གནས་དེར་ཡིག་ཐོག་ལ་ཕབ་མེད་པའི་གོམས་སྲོལ་གྱི་གཏན་འབེབས་ཞེས་ཀྱང་འབོད་ཀྱི་ཡོད།
ལོ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་29ཉིན་གྱི་དགོང་མོ་བོད་ཁུལ་མང་ཆེ་བར་ལོ་གཅིག་དུས་གཅིག་གི་དགུ་ཐུག་འཐུང་བའི་བྱེད་སྒོ་སྤེལ་གྱི་ཡོད་པ་དང་། དེ་ཡང་ཉིན་དེའི་དགོང་མོ་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་བ་དེ་ནི་ལོ་གསར་གྱི་འགོ་འཛུགས་ལྟ་བུ་ཡིན། དགུ་ཐུག་འཐུང་སྐབས་ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་ཡོང་བའི་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་རྫ་སྣོད་ཆག་དུམ་ནང་བཞག དེ་ལ་ཆང་བུ་དང་། ཇ་རོ། སྦང་མ་སོགས་ཀླུད་རྫས་དང་། སོག་མའི་ཀུ་རུ་ཁ(རྒྱ་གྲམ)དགུ་བཅོས། ཐུག་པ་བསྐོལ་སྐབས་གྲོ་ནས་སྲན་བཙོས་སོགས་ཟས་སྣ་དགུ(དགུ་རྫས)བཏབ་པ་དང་གྲོ་ཞིབ་ལ་ཉི་ཟླ་དང་། ཆོས་པོ་ཏི། ཟེ་མ་ར་མགོ་སོགས་ཀྱི་དབྱིབས་བཟོ་བ། གཟན་གྱི་ནང་སོལ་བ་དང་དཀར་ཡོལ། སུར་པན་སོགས་བཏུམས་ནས་ཐུག་པ་འཐུང་སྐབས་དེ་དག་ནང་མི་གང་ཞིག་གི་ཐུག་པའི་ནང་དོན་པ་དེ་ནས་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པ་རེད་ཟེར། མུན་རུབ་སྐབས་ནང་མི་ཞིག་གིས་སོག་མས་བཟོས་པའི་དཔལ་འབར་ལ་མེ་སྤར་ཏེ་མར་དོན་ཤོག མར་དོན་ཤོག་ཅེས་འབོད་བཞིན་ཁང་མིག་ཚང་མའི་སྒོ་འཛུལ་ཙམ་བྱས་རྗེས་རྫ་ཆག་ནང་བཞག་པའི་གླུད་དེ་འཁྱེར་ནས་ཤོག་སྦག་སྤར་བཞིན་ལམ་གསུམ་མདོའམ་བཞི་མདོར་སྐྱེལ་གྱི་ཡོད།
དམངས་སྲོལ་ཟེར་བ་དེ་གང་ཡིན་ཟེར་ན། དེ་ནི་རྒྱལ་ཁབ་གཅིག་དང་ཡང་ན་མི་རིགས་གཅིག་གི་ཁྲོད་རྒྱ་ཆེའི་མང་ཚོགས་ཀྱིས་གསར་གཏོད་དང་། ལོངས་སྤྱོད། དེ་བཞིན་རྒྱུན་འཛིན་བཅས་བྱས་པའི་འཚོ་བའི་རིག་གནས་དེར་བརྗོད་ཀྱི་ཡོད། དེ་ཡང་རིག་གནས་ཅེས་པའི་ཐ་སྙད་དེར་ཁྱབ་དོན་ཆེ་བ་དང་ཆུང་བ་གཉིས་ཡོད་ཅིང་། ཁྱབ་དོན་ཆེ་བའི་རིག་གནས་ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གསར་གཏོད་བྱས་པའི་དངོས་པོ་དང་བསམ་པའི་རྒྱུ་ནོར་གྱི་སྤྱི་མིང་ཞིག་ཡིན་པས་དེར་བརྗོད་པའི་དངོས་པོའི་རྒྱུ་ནོར་དང་བསམ་བློའི་རྒྱུ་ནོར་ཟེར་བ་དེ་གཉིས་དངོས་པོའི་རིག་གནས་དང་བསམ་བློའི་རིག་གནས་ལ་གོ་བ་ལེན་རྒྱུ་དང་། འཚོ་བའི་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་དམངས་སྲོལ་རིག་གནས་ཀྱིས་དམངས་སྲོལ་གྱི་བྱ་སྤྱོད་ལ་བརྟེན་ནས་དེ་དང་འབྲེལ་བའི་རྒྱལ་ཁབ་གཅིག་གམ་ཡང་ན་མི་རིགས་གཅིག་གི་དངོས་པོའི་རིག་གནས་དང་བསམ་བློའི་རིག་གནས་ཀྱི་ལོ་རྒྱུས་འཕེལ་རིམ་དང་གསོག་འཇོག་གི་རང་བཞིན་མངོན་ཐུབ་པས་སྤྱིའི་ཆ་ནས་བཤད་ན་དེར་གཤམ་གསལ་གྱི་ཁྱད་ཆོས་མངོན་པ་སྟེ།
ཚོགས་པའི་རང་བཞིན།
དམངས་ཞེས་པར་མི་དམངས་དང་། དམངས་ཁྲོད་ཀྱི་གོ་དོན་ལྡན་ཡོད་པས་དམངས་སྲོལ་ཟེར་བའི་ཐ་སྙད་དེ་རང་ལ་ཚོགས་པའི་གོ་དོན་ལྡན་ཡོད། ཚོགས་པའི་རང་བཞིན་དེ་ནི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཨང་དང་པོ་དེ་ཡིན། དེ་གང་ཡིན་ཟེར་ན་དམངས་སྲོལ་རིག་གནས་དེ་གྲུབ་པའི་རྒྱུད་རིམ་ཁྲོད་སྔོན་ལ་དེར་ཚོགས་པའི་ཁས་ལེན་ཐོབ་དགོས་པ་དང་ཚོགས་པའི་ཁས་ལེན་ཐོབ་པའི་རིག་གནས་དེ་གཞི་ནས་གོམས་སྲོལ་ཆགས་ནས་དེ་འཐུས་ཚང་དང་རྒྱུན་འཛིན་ཡོང་རྒྱུ་ཡིན་པ་དང་དེ་ནས་དམངས་སྲོལ་རིག་གནས་དེ་ནི་ཚོགས་པའི་ཤེས་རིག་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཞིག་ཡིན་པས་དཔེར་ན། དམངས་ཁྲོད་ཀྱི་སྒྲུང་གཏམ་ལྟ་བུར་མཚོན་ན། སྒྲུང་དེ་ཐོག་མར་སྐྱེ་བོ་ཞིག་གི་ངག་ནས་བྱུང་བའི་སྐབས་སྒྲུང་དེའི་ནང་དོན་ཧ་ཅང་སྟབས་བདེ་བ་དང་དོན་རྐྱང་པ་ཞིག་ཡིན་ཤས་ཆེ་ཡང་། གལ་སྲིད་དེ་རྒྱ་ལྕང་གི་ལྕུག་ཕྲན་གཅིག་ལ་ཆ་བཞག་ན། དེ་རྗེས་སྒྲུང་དེའི་ནང་དོན་བསྐྱར་བཟློས་བྱེད་མཁན་གྱི་མི་གཉིས་པ་དེས་རང་ཉིད་ཀྱི་ཤེས་རིག་དང་འདོད་ཚུལ་སོགས་ཀྱི་ཤུགས་རྐྱེན་འོག་དེའི་ནང་དོན་དང་འཕེལ་རིམ་ལ་ཁ་སྣོན་བརྒྱབ་ནས་ལྕུག་ཕྲན་ལ་མྱུ་གུ་འབུས་པ་དང་ལྕང་ལོ་རྒྱས་པ་བྱས་པ་དང་། ཡང་དེ་ནས་སྒྲུང་དེ་བསྐྱར་བཟློས་བྱེད་མཁན་གྱི་སྐྱེ་བོ་གསུམ་པ་དེས་རང་ཉིད་ཀྱི་ཤེས་རིག་དང་འདོད་ཚུལ་སོགས་ཀྱི་ཤུགས་རྐྱེན་འོག དེའི་ནང་དོན་དང་འཕེལ་རིམ་ལ་ཁ་སྣོན་བརྒྱབ་ནས་ལྕུག་ཕྲན་ལ་ལྕང་བལ་ཐོན་པ་བྱས་པས་མ་ཚད་མཛེས་ཉམས་ལྡན་པ་ཞིག་ཏུ་འགྱུར་ཡོད་པ་ལྟ་བུ་རེད། དེ་ཡང་དམངས་སྲོལ་ཐད་ཀྱི་མཁས་དབང་ཚོས་གསུངས་པ་ལྟར་། མི་མི་རེ་ངོ་རེས་དམངས་སྲོལ་གྱི་བྱ་བ་ཞིག་གསལ་བཤད་དང་། འཁྲབ་བསྟོན། ལད་མོ། དེ་བཞིན་བསྐྱར་བཟློས་སོགས་བྱེད་སྐབས་དེའི་ཁྲོད་དུ་གསར་གཏོད་ཀྱི་བྱ་སྤྱོད་ལྡན་ཡོད། དེར་བརྟེན་དེ་ནི་དམངས་སྲོལ་རིག་གནས་དེར་ཚོགས་པའི་རང་བཞིན་ལྡན་ཡོད་པའི་རྒྱུ་རྐྱེན་གཉིས་པ་དེ་ཡིན་པ་དང་། དེར་མང་ཚོགས་ཀྱིས་བརྩི་སྲུང་བྱེད་ཀྱི་ཡོད། དམངས་སྲོལ་རིག་གནས་དེ་གྲུབ་རྗེས་དེས་མི་རྣམས་ཀྱི་ཐོན་སྐྱེད་བྱ་ཐབས་དང་འཚོ་བ་སྐྱེལ་སྟངས་ངེས་ཅན་ཞིག་ལ་ཚད་གཞི་བཟོ་གི་ཡོད་ལ་ཚོད་འཛིན་འཕོག་ཡོད། དཔེར་ན། དཔྱིད་རྨོད་དཔྱིད་འདེབས་སོགས་དང་བག་མ་གཏོང་ལེན་དང་གཤིན་པོ་དུར་སྐྱེལ། ཁང་པ་གསར་རྒྱག དུས་ཆེན་དང་རྟེན་འབྲེལ་གྱི་མཛད་སྒོ། མཆོད་འབུལ་སོགས་ཀྱི་བྱེད་སྟངས་བྱེད་ལུགས་ཐད་ལ་དེ་བསྟུན་གྱི་མཛད་སྒོའི་རྣམ་པ་གང་ལ་གང་འཚམས་ཞིག་ལ་བརྟེན་ནས་ལོ་ཕྱུགས་ལེགས་པ་དང་འབྲུ་སྣ་འཛོམས་པ། ཚང་མ་བདེ་ལེགས་སོགས་ཡོང་བའི་རེ་བ་མཚོན་པ་བྱེད་ཀྱི་ཡོད། བོད་ཁུལ་དུ་བོད་ཟླ་བཅུ་གཉིས་པའི་ཚེས་29ཉིན་གྱི་དགོང་མོ་དགུ་ཐུག་འཐུང་བའི་སྐབས་ཐུག་པའི་ནང་གྲོ་ཞིབ་ཀྱིས་ཉི་ཟླ་དང་། ཆོས་པོ་ཏི། ཟེ་མ་ར་མགོ་སོགས་ཀྱི་དབྱིབས་བཟོ་བ་དང་ཡང་བག་ཐུག་གི་དཀྱིལ་དུ་སོལ་བ་དང་རྡོ་དཀར་ཀོང་། དཀར་ཡོལ། སུར་པན། བལ། སྐུད་པ་ནང་འགྲིམ་དང་ཕྱི་འགྲིམ། སྲན་མ། ཤོག་བུ། ཚྭ་སོགས་བཏུམས་ནས་ཐུག་པ་དང་མཉམ་དུ་མི་སོ་སོའི་ཕོར་པའི་ནང་བླུགས་ཀྱི་ཡོད་པ་དང་དེ་དག་མཚོན་དོན་ནི་སོལ་བས་སེམས་པ་ངན་པ་མཚོན་པ། སུར་པན་གྱིས་མི་དེ་ཁ་ཚ་པོ་ཡོད་པ་མཚོན་པ། བལ་གྱིས་གཤིས་ཀ་འཇམ་པོ་ཡོད་པ་མཚོན་པ། སྐུད་པ་ཕྱི་འགྲིམ་གྱིས་སེམས་ནུས་ཕྱི་ལ་ཕྱོགས་པ། ནང་འགྲིམ་གྱིས་སེམས་ནུས་ནང་དུ་འགྲིམ་པ་མཚོན་པ། སྲན་མས་སྤྱང་གྲུང་ལྡན་པ་མཚོན་པ། ཚྭ་ཡིས་སྒྱིད་ལུགས་ཅན་ཡིན་པ་མཚོན་པ་དང་། དེ་བཞིན་ཉི་མ་ཟླ་བའི་གཟུགས་ཀྱིས་མཚན་དང་དབང་གྲགས་མཚོན་པ། བླ་མ་དཀོན་མཆོག་གི་གཟུགས་ཀྱིས་གཤིས་རྒྱུད་གཞུང་དྲང་ཡིན་པ་མཚོན་པ་སོགས་ཀྱི་གོ་དོན་ཡོད་པས། ནང་མི་རྣམས་མཉམ་དུ་དགུ་ཐུག་འཐུང་སྐབས་རང་སོ་སོའི་ཕོར་པའི་ནང་ལ་ཡོད་པའི་མཚོན་བྱེད་དངོས་པོ་དེ་དག་ལ་འགྲེལ་བཤད་བྱེད་བཞིན་དགའ་སྤྲོར་རོལ་གྱི་ཡོད་ལ། ད་དུང་མཚོན་དོན་བཟང་བ་དང་མཚོན་དོན་ངན་པའི་རྫས་དེ་དག་དབྱེ་བ་ཕྱེ་སྟེ་སྔོན་ནས་གྲ་སྒྲིག་བྱས་པའི་སྡེར་མ་ཁག་གཉིས་ཀྱི་ནང་དུ་སོ་སོར་བླུགས་པ་དང་དེ་ནས་མཚོན་དོན་བཟང་བའི་རྫས་རྣམས་བླུགས་པའི་སྡེར་མ་དེ་ཁང་པའི་ཐོག་ཀར་འཁྱེར་ནས་དར་ལྕོག་དང་མཉམ་དུ་འཇོག་པ་དང་མཚོན་དོན་ངན་པའི་རྫས་རྣམས་དགུ་གླུད་དང་མཉམ་དུ་ལམ་གསུམ་མདོར་དབྱུགས་ཀྱི་ཡོད། དེའི་ཐོག་ནས་སྤྱི་ཚོགས་ཚོགས་མིའི་ཐུན་མོང་གི་ཀུན་སྤྱོད་ཀྱི་ཚད་གཞིའི་ལྟ་བ་ཞིག་མངོན་གྱི་ཡོད་པ་དཔེར་ན། སེམས་བཟང་དང་གཤིས་ཀ་འཇམ་པོ། སེམས་ནུས་ནང་དུ་ཕྱོགས་པ། གཤིས་རྒྱུད་གཞུང་དྲང་བྱ་རྒྱུ་སོགས་ནི་ཚང་མས་གོང་དུ་བཀུར་དགོས་པའི་སྤྱོད་ཚུལ་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་དང་སེམས་ངན་བཅངས་པ། སྒྱིད་ལུགས་ཅན་སོགས་ནི་དོར་དགོས་པའི་སྤྱོད་ཚུལ་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་མངོན་ཐུབ་ཅིང་། དེའི་ཐོག་ནས་མིའི་རིགས་དང་རང་བྱུང་ཁམས་ཆེ་མོ་འགྲན་རྩོད་བྱེད་པའི་བརྒྱུད་རིམ་ནང་ཤེས་རྨོངས་ཅན་ནས་དཔལ་ཡོན་ཅན་གྱི་ཕྱོགས་སུ་བསྐྱོད་པའི་འཕེལ་རིམ་ཁྲོད་ཚོགས་མི་སྤྱི་ཡི་ཐུན་མོང་གི་སེམས་ཀྱི་རེ་འདུན་དང་ཐུན་མོང་གི་ངག་གི་འབོད་སྒྲ། ཐུན་མོང་གི་མཛེས་སྤྱད་ལྟ་བ་དང་ཐུན་མོང་གི་རིན་ཐང་གི་ལྟ་བ་བཅས་མངོན་གྱི་ཡོད།
རྒྱུན་འཛིན་རང་བཞིན།
དམངས་སྲོལ་རིག་གནས་ལ་ལྡན་པའི་རིན་ཐང་ནི་དམངས་སྲོལ་རིག་གནས་ཀྱི་བྱེད་ནུས་དེ་ཡིན་པས་དེའི་ཐོག་ནས་དམངས་སྲོལ་རིག་གནས་དེར་རྒྱུན་འཛིན་གྱི་རང་བཞིན་ལྡན་ཡོད་པ་མཚོན་ཐུབ། རྒྱུན་འཛིན་བྱས་པར་བརྟེན་ནས་དམངས་སྲོལ་རིག་གནས་དེ་དག་རྒྱུ་ནོར་ཞིག་དང་རིག་གནས་ཤིག་ལ་གྱུར་བས་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱུང་བ་དང་རྒྱུན་མཐུད་བྱེད་པའི་བརྒྱུད་རིམ་ཁྲོད་ཕྱི་རབས་པ་ཚོས་དེའི་ནང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གྲུབ་ཆ་ཁ་བསྣོན་བྱས་པའི་རྐྱེན་གྱིས་དམངས་སྲོལ་དེ་དག་མི་རྣམས་ཀྱིས་དང་ལེན་བྱེད་ཐུབ་ཀྱི་ཡོད། དེ་ཡང་བོད་ཁུལ་གྱི་དགུ་ཐུག་གི་ལུགས་སྲོལ་ཐད་མཁས་དབང་གི་རྩོམ་ཡིག་ནང་གསུངས་པ་ལྟར། དགུ་ཐུག་གི་མཛད་སྒོའི་ཁྲོད་ཀྱི་ལུགས་སྲོལ་རྣམས་ནི་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་གྲ་རྒྱས་སུ་རྒྱས་སུ་ཕྱིན་པ་ཞིག་ཡིན་པ་དཔེར་ན། སོག་མ་ཆག་པར་མེ་སྤར་ནས་མར་དོན་ཤོག མར་དོན་ཤོག་ཞེས་འབོད་སྲོལ་དེ་ནི་གདོད་མའི་དུས་ཀྱི་མི་རྣམས་ཀྱིས་མེ་ལ་བརྟེན་ནས་སེམས་ཅན་གཏུམ་དྲག་ཅན་དག་ལས་རྣམ་པར་རྒྱལ་ཐབས་བྱེད་པ་མངོན་ཐུབ་པ་དང་མི་གཟུགས་ཀྱི་གླུད་བཟོ་སྲོལ་དེ་ནི་བོན་ཆོས་མ་དར་གོང་གི་ལུགས་སྲོལ་ཞིག་ཡིན་པ། བླ་མ་དཀོན་མཆོག་གི་གཟུགས་དང་ཆོས་པོ་ཏི་བཟོ་སྲོལ་དེ་ནི་ནང་ཆོས་བོད་དུ་དར་བའི་རྗེས་བྱུང་བའི་ལུགས་སྲོལ་ཞིག་ཡིན་པ་སོགས་ལོ་ཟླའི་ཁྲོད་སྤྱི་ཚོགས་ཀྱི་འཚོ་བར་བྱུང་བའི་འགྱུར་ལྡོག་དག་ཀྱང་དམངས་སྲོལ་ཀྱི་ཁྲོད་ནས་མངོན་ཐུབ། དེས་ན་དམངས་སྲོལ་རིག་གནས་དེ་དམིགས་བསལ་གྱི་རིན་ཐང་ལྡན་པ་ཞིག་ཡིན་པའི་ངོས་ནས་རྒྱུན་འཛིན་བྱུང་བའི་རྒྱུ་རྐྱེན་ནི་མི་རྣམས་ཀྱི་རིན་ཐང་གི་ཚད་གཞི་དང་ཚད་གཞི་དེ་ཁས་ལེན་བྱེད་པར་རག་ལུས་ཡོད་པས་གལ་སྲིད་རིག་གནས་ཀྱི་རྒྱུན་འཛིན་མེད་ན་དེང་རབས་ཀྱི་དཔལ་ཡོན་ཡང་གླེང་ཐབས་བྲལ་བ་ཞིག་རེད།
ས་ཁོངས་ཀྱི་རང་བཞིན།
དཔལ་ཡོན་དར་བའི་འཕེལ་རིམ་ཁྲོད་མིའི་རིགས་ཀྱིས་རིག་གནས་གསར་གཏོད་བྱས་པ་དང་། གསར་གཏོད་ཀྱི་འབྲས་བུ་དེ་དག་གིས་གཅིག་ནས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་མངོན་ཡོད་ལ། གཉིས་ནས་མིའི་རིགས་འཚོ་གནས་བྱེད་སའི་ཁོར་ཡུག་གི་ཆ་རྐྱེན་དང་འཚམས་པ་བྱས་ཡོད་པ་སྟེ། དེ་ནི་དྲོད་ཚད་ཀྱི་ཁྱད་པར་དང་། སྐམ་བརླན་གྱི་དབྱེ་བ། ས་གཤིས་ས་དབྱིབས་ཀྱི་ཁྱད་ཆོས། ཡུལ་ཟོག་ཐོན་རྫས་སོགས་ཀྱི་མིའི་རིགས་གནས་སའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་རིག་གནས་དེ་ཡང་མིའི་རིགས་ཀྱིས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་བའི་འབྲས་བུ་ཞིག་ཡིན། ཚོགས་པ་མི་གཅིག་པའི་མིའི་རིགས་འཚོ་གནས་བྱེད་སའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་ཡང་གཅིག་པ་མིན་པའི་རྐྱེན་གྱིས་ཚོགས་པ་སོ་སོས་གསར་གཏོད་བྱས་པའི་དམངས་སྲོལ་རིག་གནས་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་མངོན་ཡོང་གི་ཡོད་པས་ཐུན་མིན་གྱི་ཁྱད་ཆོས་དེ་ཚོར་ས་ཁོངས་ཀྱི་ཁྱད་ཆོས་རང་བཞིན་ལྡན་ཡོད། དེ་ནི་ཟས་གོས་གནས་མལ་དང་འགྲོ་འདུག་སྤྱོད་སོགས་གང་ས་ཅི་ཐད་ནས་གསལ་པོ་མངོན་ཐུབ་པ་དཔེར་ན། དགུ་ཐུག་གི་ཁྲོད་བེད་སྤྱད་པའི་དགུ་རྫས་ཤ་དང་ལ་ཕུག ཕྱུར་བ། གྲོ་མ། སྲན་མ། དེ་བཞིན་སྔོ་ཚོད་སོགས་ནི་བོད་ཁུལ་གྱི་རང་བྱུང་ཁོར་ཡུག་ཆ་རྐྱེན་ནང་གི་ཡུལ་ཟོག་ཐོན་རྫས་ཡིན་པས་དེ་དག་ཚང་མ་དམིགས་བསལ་གྱི་ས་ཁོངས་ནང་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཚམས་པ་དང་རང་བྱུང་ཁམས་ཀྱི་ཆ་རྐྱེན་བེད་སྤྱད་པ། རང་བྱུང་ཁམས་དང་འཆམ་མཐུན་ངང་མཉམ་གནས་བྱས་པའི་དཔང་རྟཌ་ཡིན།
གཟུགས་བརྙན་གྱི་རང་བཞིན།
གཟུགས་བརྙན་གྱི་རང་བཞིན་ཞེས་པ་དེ་ནི་མ་གཞི་བྱས་ན་རྩོམ་རིག་སྒྱུ་རྩལ་གྱི་དཔེ་མཚོན་ཁྱད་ཆོས་ཤིག་ཡིན་མོད། ང་ཚོས་དེ་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ཞིག་ལ་འཇོག་དགོས་དོན་ནི་དམངས་ཁྲོད་ཀྱི་ཁ་རྒྱུན་རྩོམ་རིག་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་གཉིས་དམངས་སྲོལ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་རྐྱེན་གཅིག་པུས་མིན་པར་དམངས་སྲོལ་རིག་གནས་ལ་དམངས་ཁྲོད་ཀྱི་བཟོ་རིག་ལག་རྩལ་དང་། དམངས་ཁྲོད་ཀྱི་ཡུལ་སྐད། དམངས་ཁྲོད་ཀྱི་རོལ་རྩེད་སོགས་ཀྱི་གཟུགས་བརྙན་རང་བཞིན་དེ་ཡང་མངོན་གསལ་དོད་པོ་ཡོད། དེ་འདྲ་ཡིན་དུས་གཟུགས་བརྙན་རང་བཞིན་དེ་དངོས་པོའི་རྣམ་པའི་ཚུལ་ཞིག་གི་ངོས་ནས་གཅིག་ནས་དམངས་སྲོལ་རིག་གནས་ཁྱབ་སྤེལ་གཏོང་བའི་མཚམས་སྦྱོར་ཞིག་ཡིན་ལ། གཉིས་ནས་དེས་དམངས་སྲོལ་རིག་གནས་ཀྱི་གོ་དོན་གསལ་པོར་མཚོན་ཐུབ་པ་བྱེད་ཀྱི་ཡོད་པས་དེ་དམངས་སྲོལ་རིག་གནས་ཀྱི་མཛེས་ཉམས་ཤིག་ཀྱང་ཡིན། དེ་ཡང་མཁས་པ་འགའ་ཞིག་གིས་གསུངས་པ་ལྟར། མི་རྣམས་ཀྱིས་རང་གི་བསམ་འདུན་ལྟར་དངོས་པོ་གསར་གཏོད་བྱས་ནས་རང་བྱུང་ཁམས་ནང་མེད་པའི་དངོས་པོ་བཟོ་བ་དང་དངོས་པོ་གསར་བཟོ་བྱེད་པའི་བྱ་སྤྱོད་དེའི་ཁྲོད་གཅིག་ནས་བེད་སྤྱོད་ཀྱི་དམིགས་ཡུལ་ལྡན་ཡོད་ལ་གཉིས་ནས་མཛེས་སྤྱད་ཀྱི་སྤྱི་ཚོགས་ཀྱི་ནུས་པ་དེ་ཡང་ལྡན་ཡོད། གསར་བཟོ་བྱེད་པའི་ཐབས་ཤེས་ཞིབ་ཕྲའི་ཁྲོད་ལ་མཛེས་འཆོས་ཀྱི་ཆོས་ཉིད་ཡང་བེད་སྤྱད་ཡོད།
དོན་དངོས་ཐོག དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་དེ་གོང་ལ་བཤད་པའི་ཁྱད་ཆོས་ཙམ་མ་ཡིན་པར་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པར་སྤྱིར་བཏང་ནས་བཤད་ན་དམངས་སྲོལ་དེ་ཐོན་པ་དང་། འཕེལ་རྒྱས། འགྱུར་ལྡོག རྒྱུན་འཛིན་གྱི་ཆོས་ཉིད། དེ་བཞིན་དེའི་གྲུབ་ཆ་དང་། ནུས་པ། ངོ་བོ་སོགས་ལ་ངོས་འཛིན་ཐུབ་པ་བྱེད་དགོས་པ་དང་ཞིབ་འཇུག་བྱེད་མཁན་མི་གཅིག་པས། དམངས་ཁྲོད་ཀྱི་རྒྱུན་འཛིན་དང་དམངས་སྲོལ་བྱ་བ་ལ་ལྟ་དཔྱད་དང་མྱོང་ཚོར་མི་གཅིག་པའི་རྐྱེན་གྱིས་དེར་འཛིན་པའི་ལངས་ཕྱོགས་དང་ལྟ་སྟངས་ཀྱང་མི་གཅིག་པ་མངོན་ཡོང་གི་ཡོད་པས་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་གླེང་སྟངས་ཀྱང་གཅིག་མཚུངས་མ་ཡིན། གཞན་ཡང་སློབ་གསོ་དང་ཚན་རྩལ་ཅུང་དར་རྒྱས་ཆེ་བའི་དེང་གི་དུས་དེར། ང་ཚོས་དམངས་སྲོལ་རིག་གནས་ཚུད་པའི་རིག་གནས་གང་ཞིག་ལ་ཞིབ་འཇུག་བྱེད་སྐབས་དེར་དབྱེ་ཞིབ་རྩ་བས་ནས་མ་བྱས་པར་ཚང་མ་རྨོངས་དད་ཀྱི་བསམ་བློ་དང་བྱ་སྤྱོད་རེད་ཅེས་པའི་སྟབས་བདེའི་སྡོམ་ཚིག་དེ་འདྲ་འཇོག་རྒྱུ་མེད་པར། སྤྱི་ཚོགས་འཕེལ་རིམ་མི་འདྲ་བ་དང་ལོ་ཟླའི་ཆབ་རྒྱུན་རིང་མོའི་ཁྲོད་ནས་གྲུབ་པའི་མི་རྣམས་ཀྱི་རྙོག་ཟིང་ཆེ་བའི་སེམས་ཁམས་ལ་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བར་བརྟེན་ནས་དབྱེ་ཞིབ་བྱེད་དགོས་པ་དང་དེའི་ཁྲོད་ཀྱི་ལེགས་པའི་ཆ་རྣམས་ལ་མུ་མཐུད་རྒྱུན་འཛིན་དང་རྗེས་ལུས་དང་རྨོངས་དད་ཀྱི་ཆ་ཤས་རྣམས་དོར་དགོས་པའི་ཁྲིད་སྟོན་བྱ་རྒྱུ་དེ་ཡང་ཧ་ཅང་གལ་འགངས་ཆེའོ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣