དེ་ཡང་ད་བར་མི་རྣམས་ཀྱིས་སློབ་ཚན་དང་སློབ་ཁྲིད་ཀྱི་འབྲེལ་བར་ཡང་དག་པའི་ངོས་འཛིན་གསལ་པོ་བྱེད་མ་ཐུབ་པར་བརྟེན། བསླབ་གཞི་སྒྱུར་བཅོས་ཁྲོད་སློབ་ཚན་དང་སློབ་ཁྲིད་ཀྱི་ཐད་ལ་འདུ་ཤེས་གསར་པ་འཛུགས་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མུས་ཡིན། ལྷག་དོན་དུ་བོད་སྐད་ཡིག་སློབ་ཚན་དང་སློབ་ཁྲིད་གྱི་འབྲེལ་བ་ཡང་དག་པ་ཞིག་གསལ་རྟོགས་བྱ་རྒྱུ་ནི་སྐད་ཡིག་སློབ་གསོའི་ཞིབ་འཇུག་ཁྲོད་ཚང་མས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཏུ་མཐོང་བས། སྐབས་བབས་སུ་སློབ་གསོ་རིགས་པའི་གཞུང་ལུགས་འདྲ་མིན་གྱིས་སློབ་ཚན་དང་སློབ་ཁྲིད་ཀྱི་འབྲེལ་བར་འཛིན་པའི་འདོད་ཚུལ་མི་འདྲ་བ་འགར་དབྱེ་ཞིབ་མདོ་ཙམ་བྱས་པ་བརྒྱུད། ད་ལྟའི་སློབ་ཁྲིད་གཙོ་བཟུང་བྱེད་པའི་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས་ཚུལ་གླེང་བར་བྱ།
དང་པོ། སློབ་ཚན་དང་སློབ་ཁྲིད་ཀྱི་འབྲེལ་བར་འཛིན་པའི་ལྟ་ཚུལ་མི་འདྲ་བ་འགའ་ཞིག་བྱུང་ཚུལ།
སློབ་ཚན་གྱི་གཞུང་ལུགས་དེ་ཁེར་ཚུགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ཤིག་ཏུ་གྱུར་རྗེས། སློབ་ཚན་དང་སློབ་ཁྲིད་ཀྱི་འབྲེལ་བའི་སྐོར་ལ་དཔྱད་པ་གནང་མཁན་མི་ཉུང་བ་ཞིག་ཐོན་ཡོད། དེ་དག་འདོད་ཚུལ་མི་འདྲ་བ་རིགས་གཉིས་སུ་ཕྱེ་ནས་གླེང་ན་མི་འཚམ་པ་མེད་པར་སྙམ།
1. སློབ་ཚན་ནི་སློབ་ཁྲིད་ཀྱི་ནང་དོན་ལ་གོ་དགོས་པའི་འདོད་ཚུལ།
འདོད་ཚུལ་འདི་ནི་སུའུ་ལེན་གྱི་སློབ་གསོ་མཁས་ཅན་ཁའེ་ལོའོ་ཧྥུའུ་(凯洛夫)ཡིས་གཙོ་སྒྲིག་གནང་བའི《སློབ་གསོ་རིག་པ》དང་། ཕྱིས་སུ་པཱ་ལཱ་ནོའུ་ཧྥུའུ་(巴拉诺夫)ཡིས་གཙོ་སྒྲིག་གནང་བའི《སློབ་གསོ་རིག་པ》སོགས་སྐབས་དེའི་གྲགས་ཆེ་བའི་སློབ་གསོ་རིགས་པའི་གཞུང་ལུགས་ཁག་ཚང་མར་སློབ་ཚན་ནི་སློབ་ཁྲིད་ཀྱི་ནང་དོན་ལ་ངོས་འཛིན་ནས་གླེང་ཡོད། སྤྱི་ལོ་1953ནས1956ལོའི་བར། རང་རྒྱལ་གྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་གསུམ་ཕྱོགས་ཡོངས་ནས་སུའུ་ལེན་ལ་སློབ་སྦྱོང་བྱེད་ཀྱི་ཡོད། རྒྱབ་ལྗོངས་ཆེན་པོ་དེའི་འོག་ཏུ་སློབ་གསོའང་སྒོ་ཀུན་ནས་སུའུ་ལན་ལ་སློབ་སྦྱོང་བྱས་ཏེ་སུའུ་ལན་གྱི་སློབ་གསོའི་བསམ་བློར་འགྱུར་བ་མ་བཏང་བར་སློབ་ཚན་གྱི་མ་དཔེ་ལྟ་བུར་བཟུང་ཡོད། དེས་ན་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་གཅིག་གྱུར་གྱི་སློབ་ཁྲིད་འཆར་གཞི་གཅིག་དང་སློབ་ཁྲིད་རྩ་འཛིན་གཅིག བསླབ་གཞི་གཅིག་བཀོལ་སྤྱོད་བྱེད་པའི་རྣམ་པ་ཆགས། དེ་ཡང“རང་རྒྱལ་ལ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ཡར་སྔོན་དུ་རང་ཚུགས་ཀྱི་སློབ་ཚན་གྱི་རིགས་པའི་གཞུང་ལུགས་ཤིག་གྲུབ་ཐུབ་མེད་ལ། གཙོ་ཆེ་བའི་སློབ་ཁྲིད་ཀྱི་གཞུང་ལུགས་ཁག་ཀྱང་སུའུ་ལེན་གྱི་རིགས་པའི་གཞུང་ལུགས་ཀྱི་བསམ་བློར་བརྟེན་དགོས་ཀྱི་ཡོད། སུའུ་ལེན་ཁ་ཐོར་དུ་སོང་རྗེས་རང་ངོས་ཀྱི་སློབ་གསོ་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་ལྟ་ཅི། སྔར་ཡོད་ཀྱི་སུའུ་ལེན་གྱི་བྱ་ཐབས་དག་ཀྱང་རྒྱུན་འཛིན་མ་ཐུབ་པས་སློབ་ཁྲིད་ཀྱི་རིག་གཞུང་རྒྱུན་ཆད་ལ་ཉེ་བར་གྱུར། རྗེས་སུ་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་བཟང་པོ་དང་བསྟུན་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སློབ་ཚན་གྱི་རིགས་པའི་གཞུང་ལུགས་ནང་འདྲེན་བྱེད་འགོ་ཚུགས་ཏེ། དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པའི་སློབ་ཚན་རིག་གཞུང་འཛུགས་སྐྱོང་བྱེད་ཐུབ་པ་བྱུང”ཡོད། སུའུ་ལེན་གྱི་སློབ་གསོའི་གཞུང་ལུགས་ནས་ནུབ་ཕྱོགས་ཀྱི་སློབ་གསོའི་གཞུང་ལུགས་ཐོག་དངོས་སུ་སྐྱོད་འགོ་ཚུགས་པ་དང་། སློབ་ཚན་ནི་སློབ་ཁྲིད་ཀྱི་ནང་དོན་རྐྱང་པར་གོ་བའི་ལོ་རྒྱུས་ཀྱང་མཇུག་འགྲིལ་བ་གསལ་པོར་ཤེས་ཐུབ།
2. སློབ་ཁྲིད་ནི་སློབ་ཚན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པའི་འདོད་ཚུལ།
ཐེ་ལེ(泰勒)ཡིས《སློབ་ཚན་དང་སློབ་ཁྲིད་ཀྱི་རྨང་གཞིའི་གཞུང་ལུགས》ཞེས་པའི་རིག་གཞུང་ནང་སློབ་ཁྲིད་ནི་སློབ་ཚན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལྟ་ཚུལ་གསུངས་ཡོད། སློབ་ཚན་དང་སློབ་ཁྲིད་གཉིས་ནི་སློབ་གསོ་རིག་པའི་ཁྱབ་ཁོངས་ཀྱི་གནད་དོན་ཆེན་པོ་གཉིས་ཡིན་ཞིང་། “སྔ་མ་དེས་སློབ་ཚན་འཆར་འགོད་དང་། སློབ་ཚན་འཁྲིད་པ། སློབ་ཚན་ལ་གདེང་འཇོག སློབ་ཚན་འཚོག་སྐབས་ཀྱི་དོ་དམ། སློབ་ཚན་གྱི་རྒྱུ་ཆ་འཚོལ་བསྡུ་སོགས་གཙོ་བོར་འཇོག་པ་དང་། ཕྱི་མ་དེས་སློབ་ཁྲིད་འཆར་ཟིན་འབྲི་བ་དང་། སློབ་ཁྲིད་བྱེད་པ། སྦྱོང་ཚན་བཀོད་སྒྲིག་དང་བཟོ་བཅོས་རྒྱག་པ། སློབ་ཁྲིད་ཀྱི་ཕན་ནུས་ལ་བརྟག་པ་སོགས་ཡིན” དེར་བརྟེན་སློབ་ཚན་གྱི་ལམ་ལུགས་ནི་སློབ་གྲྭའི་དགེ་རྒན་གཅིག་པུས་གཏན་འཁེལ་མི་ཆོག་པར་སློབ་གསོའི་དོ་དམ་ཚན་པའི་མི་སྣ་དང་། ཆེད་ལས་མཁས་པ། ཁྱིམ་བདག་སོགས་སློབ་གྲྭའི་ཕྱི་རོལ་ཡུལ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། སློབ་ཁྲིད་ཀྱི་ལམ་ལུགས་ནི་སློབ་ཚན་གྱི་ལམ་ལུགས་ལས་ཁྱབ་ཆུང་བ་དང་། དེར་སློབ་གྲྭའི་ནང་ཁུལ་གྱི་དགེ་སློབ་དབར་གྱི་འབྲེལ་བ་གཙོ་བོར་འཛིན་དགོས། འོན་ཀྱང་དེ་གཉིས་གཞི་གཅིག་གི་སྟེང་དུ་བཞག་ན། ཕན་ཚུན་གཞི་མཐུན་མཉམ་གནས་ཡིན་པས་སློབ་ཁྲིད་ནི་སློབ་ཚན་གྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པར་འདོད།
དོན་དངོས་ཐོག་ཁའེ་ལོའོ་ཧྥུའུ(凯洛夫)ཡིས་གཙོས་པའི་སློབ་ཚན་སློབ་ཁྲིད་ཀྱི་ནང་དོན་དུ་ངོས་འཛིན་པའི“སློབ་ཁྲིད་གཙོ་གླེང་གི་གཞུང་ལུགས”དང་། ཐེ་ལེ(泰勒)ཡིས་གཙོས་པའི་སློབ་ཁྲིད་སློབ་ཚན་གྱི་གྲུབ་ཆ་ཞིག་ཏུ་ངོས་འཛིན་པའི“སློབ་ཚན་གཙོ་གླེང་གི་གཞུང་ལུགས”གང་ཞིག་ཡིན་རུང་། གྲུབ་མཐའ་དེ་དག་གི་འདོད་ཚུལ་ནི་སྐབས་དེའི་རང་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དེ་བཞིན་སློབ་གསོའི་ལམ་ལུགས་སོགས་དང་ཐད་ཀའི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། སུའུ་ལེན་ལ་ཆ་བཞག་ན། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་འཆར་གཞི་དང་། སློབ་ཁྲིད་རྩ་འཛིན། སློབ་གཞི་སོགས་ནི་སློབ་གསོའི་སྲིད་འཛིན་དོ་དམ་ཚན་པས་གཅིག་གྱུར་གཏན་འཁེལ་གནང་བ་གཞིར་བཟུང་ལག་བསྟར་བྱ་དགོས་ཤིང་། སློབ་གྲྭ་དང་དགེ་རྒན་གྱི་ལས་ཀའི་དམིགས་ཚད་གཙོ་བོ་ནི་གོང་རིམ་ནས་གཏན་འཁེལ་ཟིན་པའི་སློབ་ཁྲིད་ཀྱི་ནང་དོན་དེ་དག་གང་འདྲ་བྱས་ཏེ་ལེགས་སྒྲུབ་བྱ་རྒྱུ་དེ་ཡིན་པ་ལས། སློབ་ཚན་ནི་ཁོང་ཚོའི་གྲོས་གཞི་བྱ་ཡུལ་ཞིག་མིན་པ་ཤེས་ཐུབ། འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཏུ་སྔ་ས་ནས་དམངས་གཙོའི་སློབ་ཚན་གཉེར་སྐྱོང་བྱ་ཐབས་སྤྱོད་ཀྱི་ཡོད་པས། སྲིད་གཞུང་གིས་སློབ་གྲྭ་སོ་སོས་ངེས་པར་དུ་སྒྲུབ་དགོས་པའི་སློབ་ཚན་གྱི་ཚད་གཞི་གཏན་འཁེལ་བྱེད་པ་ལས། ཚད་གཞི་དེ་དག་སློབ་གསོའི་བྱ་ཐབས་གང་ཞིག་ལ་བརྟེན་ནས་ལེགས་སྒྲུབ་བྱ་དགོས་མིན་ཐད་སློབ་གྲྭ་རང་ངོས་ལ་ཐག་གཅོད་བྱེད་པའི་དབང་ཆ་སྤྲད་ཡོད་སྟབས་སློབ་གྲྭ་ཁག་གིས་རང་རྟོགས་ངང་སློབ་ཚན་གྱི་ནང་དོན་ཇུས་འགོད་བྱེད་པ་དང་། སློབ་གསོ་བས་སློབ་ཁྲིད་ཀྱི་བྱ་ཐབས་གང་ཞིག་ཚད་གཞི་ལེགས་འགྲུབ་ཡོང་བར་སྨན་པ་སོགས་ཀྱི་གནད་དོན་ལ་ཞིབ་དཔྱད་གང་མང་གནང་སྟེ་རང་ཉིད་སློབ་ཚན་ཞིབ་འཇུག་གི་ལས་དོན་པ་ཞིག་ཏུ་འགྱུར་གང་ཐུབ་བྱེད་ཀྱི་ཡོད། མདོར་ན། སློབ་ཚན་དང་སློབ་ཁྲིད་ཀྱི་འབྲེལ་བའི་གནད་དོན་ནི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་། སློབ་གསོའི་ལམ་ལུགས། ས་གནས་ཀྱི་ཁྱད་ཆོས་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོར་ཤེས་ཐུབ།
གཉིས་པ། སློབ་ཁྲིད་གཙོ་བཟུང་བྱེད་པའི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་ཚུལ།
སློབ་ཚན་སྒྱུར་བཅོས་ཀྱི་བྱ་ཐབས་རིམ་བཞིན་འཐུས་སྒོ་ཚང་བའི་ཕྱོགས་སུ་འགྱུར་བའི་དུས་འདིར། སློབ་གྲྭའི་སློབ་ཚན་གྱི་ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་ནི་མིག་སྔའི་སློབ་ཚན་སྒྱུར་བཅོས་ཀྱི་གལ་ཆེའི་ནང་དོན་ཡིན་པར་སེམས། དེར་བརྟེན། སློབ་གྲྭའི་སློབ་ཚན་གྱི་ལམ་ལུགས་གསར་པ་འཛུགས་སྐྱོང་བྱས་ཏེ་ནུས་ལྡན་གྱི་སྒོ་ནས་སློབ་ཚན་སྒྱུར་བཅོས་ཀྱི་དགོངས་པ་དོན་འཁྱོལ་ཡོང་བ་བྱ་རྒྱུ་ནི་སློབ་ཚན་སྒྱུར་བཅོས་དེ་བས་གཏིང་ཟབ་དང་གོང་འཕེལ་གཏོང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་འགྱུར་ཡོད། “སློབ་ཚན་གྱི་ལམ་ལུགས་ནི་སློབ་ཁྲིད་ལམ་ལུགས་ཀྱི་སྔོན་འགྲོ་ཡིན་ཞིང་། སློབ་ཁྲིད་ཀྱི་ལམ་ལུགས་ནི་སློབ་ཚན་གྱི་ལམ་ལུགས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཞིག་ཡིན”པས། སློབ་ཚན་ལམ་ལུགས་འཛུགས་སྐྱོང་བྱེད་པའི་དགོས་གལ་རང་བཞིན་ཧ་ཅང་ཆེན་པོ་ཡོད། དེར་བརྟེན་སློབ་གསོ་བས་སློབ་ཁྲིད་བྱ་ཐབས་སྒྱུར་བཅོས་ཙམ་གྱིས་སློབ་ཚན་སྒྱུར་བཅོས་གཏོང་ཐབས་ལ་རེ་བའི་འདུ་ཤེས་ལ་འགྱུར་བ་བཏང་སྟེ་སློབ་གྲྭའི་སློབ་ཚན་གྱི་ལམ་ལུགས་ཤིག་འཛུགས་དགོས། དེས་རྒྱུན་གཏན་གྱི་སློབ་ཁྲིད་བྱེད་ཐབས་འཐུས་སྒོ་ཚང་དུ་ཕྱིན་ཏེ་སློབ་མའི་སློབ་སྦྱོང་བྱ་ཐབས་དང་དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་གོང་མཐོར་གཏོང་བར་ཕན་འབྲས་བཟང་པོ་ཞིག་ཐོན་ངེས། སློབ་ཁྲིད་ཀྱི་ལས་འགན་ནི་སློབ་ཚན་གྱི་ཚད་གཞིའི་མཛུབ་སྟོན་འོག་ནང་དོན་ཇི་མ་ཇི་བཞིན་སློབ་མར་བརྒྱུད་སྤྲོད་བྱེད་པ་ཁོ་ན་མ་ཡིན་པར། དེ་ནི་སློབ་ཚན་གྱི་ནང་དོན་སློབ་པའི་བརྒྱུད་རིམ་ཞིག་ཡིན་ལ་སློབ་ཚན་གྱི་གཞུང་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན་པས། དགེ་རྒན་དང་སློབ་མས་ལམ་ལུགས་དེ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་གལ་ཆེ་བར་བསམ།
མདོར་ན། སློབ་ཚན་དང་སློབ་ཁྲིད་ནི་དམིགས་ཡུལ་དང་བྱ་ཐབས་ཀྱི་འབྲེལ་བ་ཡིན་ཏེ། སློབ་ཚན་གྱི་ནང་དོན་དང་དམིགས་ཚད་ཁག་ལག་བསྟར་བྱེད་པའི་གནས་སྐབས་དེ་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ནི་སློབ་ཚན་གྱི་ནང་དོན་དང་དམིགས་ཚད་གཏན་འཁེལ་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན། དེས་ན་སློབ་ཚན་དང་སློབ་ཁྲིད་ཀྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་ཐུབ་ཚེ། ཆུང་ས་ནས་བཤད་ན། སློབ་ཚན་འཁྲིད་སྐབས་སློབ་ཚན་གྱི་དམིགས་ཡུལ་དང་དམིགས་ཚད་སོགས་ལེགས་པར་སྒྲུབ་ཐུབ་ལ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་འགྲོ་ངེས་ཡིན་པ་དང་། ཆེ་ས་ནས་བཤད་ན། སློབ་ཚན་སྒྱུར་བཅོས་དེ་བས་གཏིང་ཟབ་དང་། དེ་བས་གནད་སྨིན་འཐུས་ཚང་ཞིག་ཡོང་རྒྱུར་ཕན་པ་ཆེན་པོ་ལྡན་ཡོད།
(ལྷ་ས་སློབ་འབྲིང་དྲུག་པའི་བདེ་སྐྱིད)