དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མས་ཤེས་ན་ཕན་པ་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-17

    ཕྲུ་གུ་བདེ་ཐང་ངང་སྐྱེས་ཏེ་འཚར་ལོངས་ཡོང་རྒྱུ་ནི་ཕ་མ་ཀུན་གྱི་བསམ་འདུན་ཆེ་ཤོས་ཡིན། དེ་ལྟ་བུའི་བསམ་འདུན་མངོན་འགྱུར་ཡོང་བར་ཐོག་མར་མངལ་འཁོར་བའི་བརྒྱུད་རིམ་ནང་བདེ་སྲུང་གི་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དེ་ཡིན།

    དེ་ཡང་མངལ་འཁོར་བའི་བརྒྱུད་རིམ་གྱི་ཐོག་མའི་ཟླ་གསུམ་པོ་དེ་ཕྲུ་གུའི་གཟུགས་དབྱིབས་དང་དབང་པོ་ལ་སོགས་ལུས་པོའི་མ་ལག་ཚང་མ་ཆགས་པའི་སྐབས་ཡིན་པས་དེ་དུས་སྦྲུམ་མས་ཡིད་གཟབ་མ་བྱས་པར་ཟས་སྤྱོད་སྤང་བླང་མ་བྱས་པ་དང་སྨན་རྫས་འདྲ་མིན་བསྟེན་པ། གཙང་སྦྲ་ཡག་པོ་མ་བྱུང་བ་ལ་སོགས་ཀྱིས་ཕྲུ་གུའི་དབང་པོ་མ་ཚང་བ། གཟུགས་ངན་པ། ཡང་ན་ལྷན་སྐྱེས་ཀྱི་ནད་ཡོད་པ་ལ་སོགས་སྐྱེས་ཀྱི་ཡོད། འོ་ན་ཡིད་གཟབ་གང་འདྲ་བྱེད་དགོས་སམ་ཞེ་ན། ཐོག་མའི་ཟླ་གསུམ་རིང་རྒྱུན་དུ་ཐུགས་བག་ཡངས་པོར་གནས་ཐུབ་པ་བྱེད་པ་དང་གཅིག  ཆམ་རིམས་སོགས་ནད་དུག་རང་བཞིན་གྱི་ནད་རིགས་མ་ཕོག་པ་བྱེད་དགོས་པ་དང་གཉིས། སྨན་རིགས་འདྲ་མིན་གང་བྱུང་དུ་མི་བསྟེན་པ་དང་གསུམ། རུས་ཐང་གསར་པ་ལ་སོགས་འཚོ་བཅུད་ལྡན་པའི་ཟས་རིགས་སོས་པ་མང་ཙམ་བསྟེན་རྒྱུ་དང་བཞི། འཁྱག་པ་དང་འཁྲུག་ཆེ་བ། ངལ་ཆེ་བའི་བྱ་སྤྱོད་ལ་འཛེམས་ཟོན་བྱ་རྒྱུ་དང་ལྔ། དེ་བཞིན་མངལ་འཁོར་རིང་ལུས་འབྲེལ་འཛེམས་རྒྱུ་དང་དྲུག་བཅས་སོ།

    ཟླ་བཞི་ནས་ཕྲུ་གུའི་ལུས་ཁམས་ཀྱི་མ་ལག་རྣམས་རིམ་གྱིས་འཕེལ་རྒྱས་འགྲོ་བས་ན་དུས་བཀག་བཞིན་སྨན་ཁང་དུ་ཕྲུ་གུའི་གནས་སྟངས་དང་སྐྱེ་འཚར་རང་བཞིན། སྙིང་སྒྲ་ལ་སོགས་བརྟག་དཔྱད་བྱེད་པར་བསྐྱོད་རྒྱུ་ཧ་ཅང་གལ་ཆེ། ལྷག་པར་ཞིང་འབྲོག་ས་ཁུལ་དུ་དེའི་ཐད་འཐུས་ཤོར་རམ་དོ་སྣང་དེ་ཙམ་མི་བྱེད་པའི་དབང་གིས་ཕྲུ་གུ་སྐྱེ་ཤོར་བྱུང་བ་དང་ཕྲུ་གུའི་གནས་སྟངས་ཡག་པོ་མེད་པའི་རྐྱེན་གྱིས་སྐྱེ་ཁག་པོར་འགྱུར་བའམ་ཁྲག་མང་པོ་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། དེར་བརྟེན་སྨན་ཁང་དུ་བརྟག་དཔྱད་དུས་ཐོག་བྱ་རྒྱུ་ལྷོད་གཡེང་མི་ཤོར་བ་བྱེད་དགོས་ལ། ཁྲག་ཤེད་མཐོ་པོ་དང་ཟུངས་ཁྲག་ཞན་པ་ལ་སོགས་བླ་གཉན་ནད་རིགས་མི་ཕོག་པ་དང་དུས་ཐོག་ཏུ་གསོ་བཅོས་བྱེད་དགོས། ད་དུང་ཕྲུ་གུ་སྨན་ཁང་དུ་སྐྱེ་བར་ཡོང་རྒྱུ་ནི་དེ་བས་གལ་འགངས་ཆེན་པོ་ཞིག་ཡིན་ཞིང་། དེ་ནི་ཕྲུ་གུ་བདེ་བླག་སྐྱེ་བསུ་ཐུབ་པ་དང་། ཁྲག་ཤོར། བུ་རོ་མ་དོན་པ། བུ་སྣོད་ཕྱིར་དོན་པ་སོགས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་ཐུབ་ལ་མ་བུ་བདེ་བླག་དང་བདེ་ཐང་ངང་དྲག་སྐྱེད་དང་འཚར་ལོངས་ཡོང་བར་རྩ་བའི་འགན་སྲུང་ཐུབ་ཀྱི་ཡོད།

    གཞན་ཡང་ཕྲུ་གུ་འཁོར་བའི་བརྒྱུད་རིམ་ནང་ལྟོ་བར་བྱུགས་པ་ཡང་སེ་བརྒྱབ་ན་དེས་ཕྲུ་གུའི་སྐྱེ་འཚར་ལ་ཤིན་ཏུ་ཕན་པ་དང་ཆབས་ཅིག་ཕྲུ་གུ་སྐྱེ་བདེ་བ་དང་སྦྲུམ་མའི་ལྟོ་བ་མ་གས་པའི་ཕན་འབྲས་ཐོན་ཐུབ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།