མཐོ་རྒྱུགས་ཀྱི་མཐའ་མའི་གདོང་མཆོང་དུས་སུ་གཉིད་གདང་ངེས་ཉལ་རྒྱུ་དེ་ཀླད་པའི་འཚོ་བཅུད་སྨན་ལས་ཕན།
2016ལོའི་མཐོ་རྒྱུགས་སླེབས་ལ་ཉེ་བས་སློབ་མ་རྣམས་ནི་མཐའ་མའི་བསྐྱར་སྦྱོང་གི་དུས་སུ་སླེབས་ཡོད། ཁྱིམ་བདག་རྣམས་ཀྱང་ཕྲུ་གུའི་ཀླད་པའི་འཚོ་བཅུད་ཐད་ལ་བྲེལ་འཚུབ་བྱེད་བཞིན་ཡོད། མཚམས་དེར། ཆེད་ལས་མཁས་པས་དྲན་སྐུལ་བྱེད་རྒྱུར། སློབ་མ་རྣམས་གཉིད་གདང་ངེས་ཉལ་རྒྱུ་དང་སེམས་ལྷོད་ལྷོད་བཞག་རྒྱུ་ནི་བསྐྱར་སྦྱོང་སྐབས་ཀྱི་འཚོ་བཅུད་ལེགས་ཤོས་དེ་རེད་འདུག
ཀླད་པའི་ཚན་ཁག་གི་སྨན་པས་ངོ་སྤྲོད་བྱས་པར། ལོ་ལྟར་གྱི་མཐོ་རྒྱུགས་སླེབས་ལ་ཉེ་བའི་སྐབས་སློབ་མ་མང་པོས་མཐོ་རྒྱུགས་ཀྱི་མཐའ་མའི་བསྐྱར་སྦྱོང་དུ་རང་ཉིད་ལ་བསྐྱར་སྦྱོང་དུས་ཚོད་གང་མང་ཐོབ་ཆེད་ཐ་ན་མཚན་མོའི་གཉིད་ཐེབས་བཅག་ནས་བསྐྱར་སྦྱོང་བྱེད་བཞིན་འདུག་ལ་ཐ་ན་སློབ་མ་འགའ་ཤས་ཉིན་གཅིག་ལ་གཉིད་ཉལ་བའི་དུས་ཚོད་ཆུ་ཚོད་བཞི་ཡང་ཟིན་གྱི་མི་འདུག་པའི་གནད་དོན་མཐོང་རྒྱུ་འདུག
སྨན་པའི་བསམ་འཆར་ལ། མཐོ་རྒྱུགས་གོང་གི་ཟླ་བ་གཅིག་གི་ནང་དུ་སློབ་མ་ཚོས་མཐོ་རྒྱུགས་སྐབས་ཀྱི་ངལ་གསོའི་དུས་ཚོད་བཞིན་ངལ་གསོ་རྒྱག་དགོས་ལ། རང་ཉིད་ཀྱི་ཀླད་པ་བསིལ་ཤོས་དེ་ཞོགས་པ་དང་ཕྱི་དྲོའི་ཡིག་རྒྱུགས་ཐོག་ལ་བཞག་དགོས། མཐོ་རྒྱུགས་གོང་གི་ངལ་གསོ་བའི་དུས་ཚོད་ནི་དགོང་མོ་ཆུ་ཚོད་11ཐོག་ཉལ་དགོས་ལ། ཞོགས་པ་ཆུ་ཚོད་6ཐོག་ལངས་དགོས། དུས་མཚུངས་ཉིན་དགུང་སྐར་མ་30ཡང་ན་ཆུ་ཚོད་1གཅིག་གི་གཉིད་ཉལ་དགོས། ཡག་ཤོས་བྱུང་ན་སློབ་མས་ཉིན་དགུང་གི་གཉིད་ཉལ་དགོས། གང་ལགས་ཤེ་ན་ཉིན་དགུང་གི་གཉིད་སྐར་མ་10ཉལ་བ་དེ་དགོང་མོའི་སྐར་མ་30ཡང་ན་ཆུ་ཚོད་གཅིག་གི་གཉིད་ཚད་རིང་ཐུང་དང་འདྲ་བས། དེ་ལྟར་བྱས་ཚེ་ཉོབ་མདངས་སེལ་ཐུབ་ལ་ཕྱི་དྲོའི་བསྐྱར་སྦྱོང་ལ་ནུས་པ་ཆེན་པོ་ཐོན་ཐུབ། ( བསོད་དབང་གིས་སྒྱུར )