བྱིས་པར་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ལས་ཀར་ཤུགས་སྣོན་དང་། སྤྱི་ཚོགས་ཧྲིལ་པོའི་མི་ཀུན་བྱིས་པར་ཁབ་རྒྱག་རྒྱུར་སྣང་ཆེན་དང་། ནུས་ལྡན་ངང་དེ་རིགས་ཀྱི་འགོ་ནད་ལ་སྔོན་འགོག་དང་ཚོད་འཛིན་ཐུབ་ནས། མཐར་རིམས་ནད་དེ་རིགས་མེད་པ་བཟོ་ཆེད། 1986ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལོ་ལྟར་གྱི་ཟླ་4ཚེས་25ཉིན་རྒྱལ་ཡོངས་ཀྱི་བྱིས་པའི་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱས།
འདིར་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་སྐོར་གྱི་ཤེས་བྱ་འགའ་ཁྱབ་གདལ་བྱ་རྒྱུ་ཡིན། སྔོན་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་སྤེལ་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
འོས་འཚམ་གྱི་མི་ལ་སྔོན་འགོག་སྨན་ཁབ་རྒྱག་པ་བརྒྱུད་མི་སྒེར་རམ་མི་ཚོགས་དེ་དག་ལ་ཚད་མཐོའི་ནད་འགོག་གི་ཆུ་ཚད་ཞིག་ཐོབ་པ་དང་དེ་རྒྱུན་འཁྱོངས་བྱུང་ནས་རིམ་བཞིན་ནད་གཞི་འགོག་པའི་བཀག་དངོས་ཤིག་བསྐྲུན་ཏེ་དམིགས་གཏན་འཁེལ་བའི་འགོས་ཁྱབ་ནད་གཞི་ལངས་པ་དང་དེ་ཁྱབ་རྒྱུར་སྔོན་འགོག་ཚོད་འཛིན་ཐུབ་པའི་དམིགས་ཚད་སྒྲུབ་རྒྱུ་ཡིན་པ་རེད།
སྔོན་འགོག་སྨན་ཁབ་ཀྱི་ཞབས་ཞུ་སྤེལ་ཡུལ་ཁྲོད་མི་གང་དག་ཚུད་ཡོད་དམ།
ཁོངས་གཏོགས་ནང་ཁུལ་གྱི་ལོ་0-6བར་གྱི་བྱིས་པ་དང་དེ་མིན་གཙོ་གནད་མི་ཚོགས་(འགོས་ནད་ནད་པ་དང་རེག་ཐུག་ཉེ་པོ་ཡོད་པའམ་རྒན་རྒོན་སོགས་ཚུད་ཡོད)
ཇི་ལྟར་བྱས་ནས་སྔོན་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་བཟོ་དགོས་སམ། སྔོན་འགོག་སྨན་ཁབ་རྒྱག་པའི་ལག་ཁྱེར་ལ་བེད་སྤྱོད་གང་ཡོད་དམ།
ཕྲུ་གུ་དམར་འབྱར་སྐྱེས་རྗེས་ཀྱི་ཟླ་བ་གཅིག་གི་ནང་ཚུན་དུ་ཁྱིམ་བདག་གིས་ངེས་པར་《ཕྲུ་གུ་དམར་འབྱར་གྱི་ཐོག་མའི་མཆིན་ནད་ལྡེམ་བུ་དང་ཁྭ་ཅེ་མེའོ་སྨན་ཁབ་བརྒྱབ་པའི་ཐོ་འགོད་ཤོག་བྱང》དེ་བཞིན་《ཕྲུ་གུའི་གསར་སྐྱེས་གསོ་རིག་ངོ་སྤྲོད》ཡིག་ཆ་སོགས་སྔ་ཙམ་འཁྱེར་ནས་སྡོད་ཁུངས་ཀྱི་གཞུང་བཙུགས་སྨན་ཁང་ངམ་ཡང་ན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་སྨན་ཁབ་རྒྱག་པའི་ལག་ཁྱེར་དང་བྱིས་པའི་སྔོན་འགོག་སྨན་ཁབ་ཀྱི་ཡིག་ཚགས་བཟོ་རྒྱུ་རྣམས་རེ་ཞུ་བྱས་ནས་ལེན་དགོས།
སྨན་ཁབ་ལག་ཁྱེར་ནི་མི་སྒེར་གྱིས་ཚད་ལྡན་ངང་འགོག་སྨན་སྨན་ཁབ་རྒྱག་རྒྱུ་དང་ལེན་བྱས་པའི་ཐོ་འགོད་དང་དཔང་ཡིག་ཅིག་ཡིན། བྱིས་པའི་རྨང་གཞིའི་འགོག་སྨན་དང་ཁ་སྣོན་འགོག་སྨན་སྨན་ཁབ་ཡོངས་སུ་བརྒྱབ་ཚར་རྗེས་ཁྱིམ་བདག་གིས་སྨན་ཁབ་བརྒྱབ་པའི་ལག་ཁྱེར་དུས་ཡུན་རིང་པོར་ཉར་ཚགས་བྱེད་དགོས་ཏེ་བྱིས་པ་བུ་བཅོལ་ཁང་དང་། སློབ་གྲྭ། དམག་དཔུང་སོགས་ནང་ཞུགས་པའམ་ཡང་ན་ཕྱིས་འབྱུང་རྒྱལ་མཚམས་ཕན་ཚུན་འགྲོལ་དུས་ཞིབ་བཤེར་ལ་མཁོ་བས་བོར་བརླག་མི་ཡོང་བ་བྱེད་དགོས།