དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དཔྱིད་ཀ་མེ་ཏོག་བཞད་པའི་དུས། གཟུགས་གཞི་བདེ་ཐང་ཡོང་བར་འབད།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-04-05

    དཔྱིད་ཀ་ཤར་བ་དང་བསྟུན་ནས་དྲོད་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་ཉི་འོད་ཕོག་ཤུགས་དང་ཆར་པ་འབབ་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། དཔྱིད་འགོར་གནམ་གཤིས་དྲོ་གྲང་སྙོམས་པོ་མེད་པ་དེས་མི་རྣམས་ཀྱི་ནད་གཞི་སྔོན་འགོག་གི་ནུས་པ་ཞན་དུ་འགྲོ་སྲིད། མིག་སྔར་དབུགས་ལམ་གྱི་འགོ་ནད་ཐོན་མང་བའི་དུས་སུ་སླེབས་པ་དང་ཆམ་རིམས་དང་ཁྱབ་ཆེའི་འགྲམ་པའི་གཤེར་རྨེན་དང་། ཆུ་འབྲུམ། གློ་བའི་གཉན་ཚད་སོགས་ཐོན་གྱི་ཡོད་པ་དེ་དག་ནི་དུས་ཚིགས་དེར་ཐོན་སྲིད་ལ་འགོ་སླ་བའི་འགོ་ནད་གཙོ་བོ་ཤ་སྟག་རེད། གཞན་ཡང་ཁ་ནད་དང་། མཆིན་ཚད་ཀ་པ། ནད་འབུའི་རང་བཞིན་གྱི་བཤལ་ནད། འགོ་ནད་རང་བཞིན་གྱི་བཤལ་ནད་གཞན་དག་སོགས་རྒྱུ་ལམ་འགོ་ནད་ཐོན་བཞིན་ཡོད།

    ཉེ་དུས་གསར་འགོད་པས་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་རང་ལྗོངས་ཀྱིས་དཔྱིད་དུས་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་ནུས་ལྡན་སྤེལ་ཚུལ་སྐོར་ལ་བཅར་འདྲི་བྱས་པ་ཡིན།

    འགོ་ནད་ཐོན་སྐབས་དངངས་སྐྲག་བྱེད་མི་རུང་།

    རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོ་ནད་སྔོན་འགོག་ཚོད་འཛིན་སུའོ་ཡི་སུའོ་ཀྲང་ཚེ་རིང་དོན་གྲུབ་ཀྱིས“སྔོན་ཆད་ཐོན་མྱོང་བའི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་གནས་ཚུལ་དང་འགོ་ནད་ཁྱབ་པའི་ཁྱད་ཆོས་ལ་གཞིགས་ན། 2016ལོའི་ཟླ་གཉིས་པ་ནས་བཟུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དེ་སྔ་ལས་ཐོན་མང་བ་ཡོད། འོན་ཀྱང་ང་ཚོས་དེ་གོང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཉེ་དུས་ཐོན་སྲིད་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་ཁྲིམས་ཀྱིས་ངོས་འཛིན་པའི་འགོ་ནད་རིགས་ལ་ཆེད་དོན་ཉེན་ཁ་དཔྱད་དཔོག་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་འགོག་ཟོན་བྱ་ཐབས་ཀྱང་བཏོན་ཡོད་པས་ཚང་མ་སེམས་ཁྲལ་བྱེད་མི་དགོས”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་ཀྱིས་ངོས་འཛིན་པའི་འགོ་ནད་ནི་གཙོ་གནད་དོ་ཁུར་བྱེད་པའི་དོན་རྐྱེན་ཞིག་རེད། ཉེ་བའི་ལོ་5ལྷག་ཙམ་རིང་གི་ཟླ་བ་གཉིས་པའི་ཁྲིམས་ཀྱིས་ངོས་འཛིན་པའི་འགོ་ནད་སྙན་ཞུའི་གྲངས་གཞིར་གཞིགས་ན། རང་ལྗོངས་ཀྱི་ཀ་པ་དང་ཁ་པ་རིགས་ཀྱི་འགོ་ནད་ཐོན་ཚད་མདུན་གྲལ་དུ་སླེབས་པའི་ནད་རིགས་ལྔ་པོ་ནི། གློ་བའི་གཉན་ཚད་དང་། ནད་དུག་རང་བཞིན་གྱི་མཆིན་པའི་གཉན་ཚད། ནད་འབུའི་རང་བཞིན་གྱི་བཤལ་ནད། བསེ་དུག སིབ་ནད་བཅས་ཡིན་པ་དང་། ག་པ་རིགས་ཀྱི་འགོ་ནད་ཀྱི་མདུན་གྲལ་དུ་གནས་པའི་འགོ་ནད་རིགས་ལྔ་པོ་ནི། ཁ་ནད་དང་། འགོ་ནད་རང་བཞིན་གྱི་བཤལ་ནད་གཞན་དག ཁྱབ་ཆེའི་རང་བཞིན་གྱི་ཆམ་ནད། ཁྱབ་ཆེའི་རང་བཞིན་གྱི་འགྲམ་པའི་གཤེར་རྨེན། རླུང་འབྲུམ་བཅས་ཡིན་པ་རེད།

    ཚེ་རིང་དོན་གྲུབ་ཀྱིས“མིག་སྔ་ནི་ཁྱབ་ཆེའི་རང་བཞིན་གྱི་ཆམ་ནད་ཐོན་མང་བའི་དུས་ཚིགས་ཡིན་པ་མ་ཟད། ཡོ་རོབ་དང་ཨེ་ཤེ་ཡ་རྒྱལ་ཁབ་ཏུ་འདི་ལོ་སླར་ཡང་བྱ་རིགས་ཆམ་རིམས་ཀ་པ་H1N1ཐོན་ཡོད་པས་ཁྱབ་ཆེའི་རང་བཞིན་གྱི་ཆམ་ནད་ཐོན་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དེའི་ཁར་དཔྱིད་དུས་རང་ལྗོངས་སུ་གངས་ཆེན་པོ་འབབ་པ་སོགས་ཀྱི་གནམ་གཤིས་ངན་པོ་སྟོན་སྲིད་པས་འགྲིམ་འགྲུལ་དོན་རྐྱེན་དང་ཐོལ་བྱུང་དོན་རྐྱེན་ཐོན་སླ་པོ་ཡོད་ཅེས་ངོ་སྤྲོད་བྱས།

    འཕྲོད་བསྟེན་སྡེ་ཚན་གྱིས་ཁ་གཏད་ཡག་པོ་གཅོག་པ་།

    ས་ཁུལ(གྲོང་ཁྱེར)ཁག་གི་འཕྲོད་བསྟེན་སྡེ་ཚན་གྱིས་ས་ཁུལ(གྲོང་ཁྱེར)དེ་གའི་འགོ་ནད་དང་རིམས་ནད་ཀྱི་ཁྱད་ཆོས་གཞིར་བཟུང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བདེ་ཐང་སློབ་གསོའི་ལས་དོན་སྤེལ་བ་དང་དྲིལ་བསྒྲགས་སྡེ་ཚན་དང་འབྲེལ་བ་ཧུར་ཐག་བྱས་ཏེ་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་སོགས་རྣམ་པ་སྣ་ཚོགས་ཐོག་ནས་དཔྱིད་དུས་འགོ་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་ཁྱབ་གདལ་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྱི་དམངས་ཀྱི་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཡོངས་འགོ་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

    ས་ཁུལ(གྲོང་ཁྱེར)ཁག་གི་འཕྲོད་བསྟེན་སྡེ་ཚན་དང་ལྷག་པར་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་ཁྱོན་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་གཏན་གྱི་རིམས་འགོག་ལས་དོན་སྤེལ་ཚུལ་དབྱེ་ཞིབ་བྱས་ཏེ་ཉམས་ཞན་ལྷུ་ཚིགས་དང་རིམས་འགོག་ཆད་ལུས་མི་ཚོགས་རྟོགས་པ་དང་བྱ་ཐབས་ནུས་ལྡན་དུས་ཐོག་ཏུ་སྤྱད་ནས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་དགོས། དཔྱིད་དུས་ནི་རང་ལྗོངས་སུ་རང་བྱུང་གནོད་འཚེ་ཐོན་མང་བའི་དུས་ཚིགས་ཡིན་པས་གནམ་གཤིས་ངན་པའི་རང་བྱུང་གནོད་འཚེ་དང་ཐོལ་བྱུང་གི་སྤྱི་ཚོགས་བདེ་འཇགས་དོན་རྐྱེན་ལ་ཁ་གཏད་གཅོག་ཆེད་ས་ཁུལ(གྲོང་ཁྱེར)ཁག་གི་འཕྲོད་བསྟེན་སྡེ་ཚན་གྱིས་འབྲེལ་ཡོད་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། ལས་རེས་ལམ་ལུགས་དོན་འཁྱོལ་བྱེད་པ། མི་སྣ་དང་། ལག་རྩལ། དངོས་ཟོག་གསོག་འཇོག་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སྐྱེ་ལྡན་དངོས་པོའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཞན་ཡང་ད་དུང་ཟས་ནད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་བཟའ་བཏུང་དང་འཐུང་ཆུ་སོགས་ལྷུ་ཚིགས་ཀྱི་འཕྲོད་བསྟེན་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་ནས་འགོ་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག་མང་ཚོགས་ལ་དངངས་སྐྲག་སློང་རྒྱུ་མེད།

    མང་ཚོགས་སྔོན་འགོག་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་པ་།

    དཔྱིད་འགོ་བོད་ཀྱི་གནམ་གཤིས་ཅུང་གྲང་ངར་ཆེ་བའི་ས་ཁུལ་དུ་འཚོ་སྡོད་བྱེད་བཞིན་པའི་མི་ཚོས་འཕྲལ་མར་དགུན་ཆས་ཕུད་རྒྱུ་མེད། ལྷག་པར་དུ་ན་རྒས་ལུས་ཞན་ཚོས་དེ་བས་དོ་སྣང་བྱེད་དགོས། དུས་མཚུངས་བཟའ་བཏུང་ལ་བརྟེན་ནས་ལུས་ཁམས་འཕྲོད་སྦྱོར་ཡོང་ཐབས་བྱེད་སྐབས་མཆིན་པར་དེ་བས་གཅེས་སྐྱོང་ཡག་པོ་བྱེད་དགོས་ལ་དུས་རྒྱུན་དུ་ནས་པད་ཁ་དང་། བསོད་ནམས་དཔལ་འཛོམས། ཅིའུ་ཚལ། རྒྱ་ཙོང་། ཀེ་ཚལ། ལ་ཕུག་སོགས་ཀྱི་སྔོ་ཚལ་མང་ཙམ་ཟ་དགོས་པ་ལས་ཁ་ཚ་རོ་སྐྱུར་གྱི་ཟ་རིགས་ཉུང་ཙམ་ཟ་དགོས། དཔྱིད་ཀ་ཚུགས་རྗེས་མཁའ་རླུང་སྐམ་ཤས་ཆེ་བས་ཆུ་མང་ཙམ་དུས་བསྟུན་ངང་འཐུང་རྒྱུ་ནི་གལ་འགངས་དེ་བས་ཆེ།

    དཔྱིད་ཀ་ཚུགས་རྗེས་ཚ་དྲོད་འཕེལ་བ་དང་ཆབས་ཅིག་ལུས་རྩལ་རྩེད་མཁན་ཡང་དེ་བས་མང་དུ་འགྲོ་སྲིད། འོན་ཀྱང་དྲོ་གྲང་མི་སྙོམས་པའི་གནམ་གཤིས་བསྟན་སྐབས་དཔྱིད་དུས་ཡུལ་སྐོར་དང་། འཆམ་འཆམ། དལ་རྒྱུག ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་ལུས་རྩལ་འོས་འཚམ་ངང་རྩེ་དགོས། ལུས་རྩལ་དེ་དག་གིས་གཟུགས་པོའི་ཁྲག་རྩ་བཤངས་པ་དང་ལུས་སྟོབས་འཕེལ་བ་སོགས་བྱེད་ཐུབ།

    གཞན་ཡང་ཞིང་ཞོར་ཐོན་རྫས་ཁྲོམ་ར་དང་། སྒེར་གཉེར་བཟའ་བཏུང་ཚོང་ཁང་། རོལ་རྩེད་ཁང་སོགས་མི་མང་འདུ་འཛོམས་ཆེ་བ་དང་མཁའ་རླུང་སྦགས་བཙོག་ཆེ་བའི་ས་ཆར་རྟག་ཏུ་འགྲོ་རྒྱུ་མེད། གལ་སྲིད་ངེས་པར་དུ་སྐྱོད་དགོས་ཚེ་ཁ་རས་རྒྱག་དགོས། ཉིན་ལྟར་སྒེའུ་ཁུང་ཕྱེ་ནས་ཁང་པའི་ནང་གི་མཁའ་རླུང་བརྗེ་རྒྱུག་ཐུབ་པ་བྱེད་དགོས། ད་དུང་ལག་པ་ཡང་ཡང་འཁྲུ་བ་དང་ཨ་ཅོར་བཙོག་པས་ལག་པ་ཕྱིས་རྒྱུ་མེད། ལས་ཀ་དང་ངལ་གསོའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ངལ་དུབ་ཆེན་པོ་མི་ཡོང་བ་བྱེད་པ་དང་འཚོ་བའི་གོམས་གཤིས་ཡག་པོ་འཇགས་པ་བྱེད་དགོས།

    དཔྱིད་དུས་ནི་ལུས་ཁམས་གསོ་བའི་དུས་ཚིགས་ཡག་ཤོས་ཡིན་པས་སེམས་སྦུག་དོག་པོ་མི་བྱེད་པར་བློ་རྒྱ་ཡངས་ཤིང་སྣང་བ་སྐྱིད་པོ་བྱེད་དགོས། དཔྱིད་དུས་གཟུགས་པོར་བདག་སྐྱོང་ཡག་པོ་བྱས་ཚེ་ཚང་མའི་ལུས་སེམས་བདེ་ལ་འགྱུར་ནས་མཛེས་སྡུག་ལྡན་པའི་དཔྱིད་ཀ་ལོངས་སུ་སྤྱོད་ཆོག

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།