དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་གྱིས“རིགས་གཅིག་མཁས་ཅན་བརྒྱ་ཡིས་གཞི་རིམ་དུ་ཞབས་ཞུའི་བྱེད་སྒོ”སྤེལ་བའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-04-03

    267179_yis_1459403626148_s.jpg

    འདི་ནི་ཞིང་འབྲོག་ལས་ཀྱི་རིགས་གཅིག་མཁས་ཅན་གྱིས་གཞི་རིམ་གྱི་འཐབ་ཕྱོགས་མདུན་མར་ཞབས་ཞུའི་ལས་དོན་སྤེལ་བའི་གནས་ཚུལ་ཡིན་པ།

    དེང་དུས་ལྷ་ས་གྲོང་ཁྱེར་གྱིས“འཐབ་ཇུས་ཆེན་པོ་དྲུག”ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐབས་སུ་ཞིང་འབྲོག་ཁུལ་གྱི་གཞི་རིམ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་མཁོ་ཆེ་བའི་མཐོང་རྒྱ་ཆེ་བ་དང་བྱང་ཚད་མཐོ་བའི་ཁེ་ལས་གཉེར་སྐྱོང་དོ་དམ་དང་། ཁྲོམ་རའི་གཉེར་ཚོང་། ཚན་ཞིབ་བཅས་ཀྱི་ཤེས་ལྡན་མི་སྣ་དང་། རང་འཁྲིའི་ལས་འགན་འཁུར་ཐུབ་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་པའི་སྨན་དོན་མི་སྣ་དང་སློབ་གསོའི་ལས་དོན་པ། ཉམས་མྱོང་ཕུན་སུམ་ཚོགས་ལ་ཆེད་ལས་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་མཁོ་ཆོད་ཤེས་ལྡན་མི་སྣའི་གནད་དོན་ཐག་གཅོད་བྱ་ཆེད། 2015ལོར་ལྷ་ས་གྲོང་ཁྱེར་གྱིས“རིགས་གཅིག་མཁས་ཅན་བརྒྱ་ཡིས་གཞི་རིམ་དུ་ཞབས་ཞུའི་བྱེད་སྒོ”སྤེལ་ནས་རིགས་གཅིག་མཁས་ཅན་གྱིས་རྣམ་གྲངས་ཞིབ་འཇུག་བྱ་གཞི་ཚོགས་པའི་འགོ་འཁྲིད་དེ་གཞི་རིམ་དུ་ཞབས་འདེགས་ཞུ་བའི་བྱེད་སྟངས་བརྒྱུད་ནས་གཞི་རིམ་གྱི་ཤེས་ལྡན་མི་སྣ་གཅིག་སྡུད་དང་། གསོ་སྐྱོང་། གསར་སྤེལ་བཅས་ཀྱི་ལས་སྟེགས་བསྐྲུན་པས་རིགས་གཅིག་མཁས་ཅན་དང་གཞི་རིམ་ཤེས་ལྡན་མི་སྣ་མཉམ་དུ་འཚར་ལོངས་ཡར་རྒྱས་ཡོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    གཞི་རིམ་གྱི་དོན་དངོས་ལ་དམིགས་ནས་གཞི་རིམ་གྱི་དགོས་མཁོ་ཧུར་ཐག་བཙལ་བ།

    ཞབས་འདེགས་ཞུ་བའི་བྱེད་སྒོ་དེས་གཞི་རིམ་གྱི་དོན་དངོས་ལ་དམ་པོར་དམིགས་ཏེ་དགོས་མཁོ་དབྱེ་ཞིབ་དང་། རིགས་གཅིག་མཁས་ཅན་འདེམས་སྒྲུག ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ནས་གཞི་རིམ་གྱི་དོན་དངོས་དགོས་མཁོ་ཧུར་ཐག་བཙལ་བ་དང་གཞི་རིམ་གྱི་འཕྲལ་མཁོ་ཆེ་བའི་གནད་དོན་སྔོན་ལ་ཐག་གཅོད་བྱས་ཏེ་བྱེད་སྒོའི་དམིགས་སའི་རང་བཞིན་འགན་ལེན་བྱས་ཡོད།

    ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་24གདན་དྲངས་ནས་ཏང་འཛུགས་སྐྱོང་གི་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པ་བཙུགས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་གཞི་རིམ་གྱི་དྲུང་ཡིག་དང་གཞི་རིམ་གྱི“སྐད་ཡིག་གཉིས”ཀྱི་སྒྲོག་སྦྱངས་པའི་དུས་ཐེངས་གསུམ་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མི་ཐེངས་300ལ་གསོ་སྦྱོང་བྱས་པས་ཤེས་ལྡན་མི་སྣ་དཀོན་པ་དང་འཇོན་ཐང་མི་འདང་བའི་གཞི་རིམ་གྱི་དཀའ་གནད་ཐག་གཅོད་ཧུར་ཐག་ཐུབ་ཡོད། སློབ་མ་མང་པོས་ལས་གནས་ཐོག་སླེབས་རྗེས་སྦྱངས་པའི་ཤེས་བྱ་རྟག་ཏུ་བེད་སྤྱོད་གཏོང་བ་དང་ཁྱབ་གདལ་བཏང་ནས་གཞི་རིམ་གྱི་ལས་དོན་ཁག་སྐས་རིམ་དང་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་9གདན་དྲངས་ཏེ་ཁོར་ཡུག་སྲུང་སྐྱོང་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པ་བཙུགས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་གསོ་སྦྱོང་སྒྲོག་འགྲེལ་བྱས་ཡོད། དུས་མཚུངས་འདམ་གཞུང་རྫོང་དང་། མལ་གྲོ་གུང་དཀར་རྫོང་། ཆུ་ཤུར་རྫོང་། ལྷ་ཀླུའི་འདམ་ར་བཅས་སུ་ས་འོག་ཆུ་ལྟ་ཞིབ་ཚད་ལེན་དང་ཆུའི་སྦགས་བཙོག་འགོག་བཅོས་སོགས་ཀྱི་གནས་ཚུལ་སྒྲོག་འགྲེལ་བྱས་པ་དང་གྲོང་ཁྱེར་དང་རྫོང་གི་ཁོར་ཡུག་སྲུང་སྐྱོང་ཤེས་ལྡན་མི་སྣ་མི་ཐེངས་100ལྷག་ཙམ་གསོ་སྐྱོང་བྱས་ཡོད།

    ལག་རྩལ་གྱི་དཀའ་གནད་བསལ་ནས་གཞི་རིམ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    རིགས་གཅིག་མཁས་ཅན་གྱིས་གཞི་རིམ་དུ་ཞབས་འདེགས་ཞུ་བའི་གོ་སྐབས་དེར་བརྟེན་ནས་རིགས་གཅིག་མཁས་ཅན་གྱི་བློ་གྲོས་ལ་བརྟེན་ནས་གཞི་རིམ་གྱི་དཔལ་འབྱོར་འཕེལ་རྒྱས་དཀའ་གནད་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་རིགས་གཅིག་མཁས་ཅན་བརྒྱ་ཡིས་གཞི་རིམ་དུ་ཞབས་འདེགས་ཞུ་བའི་བྱ་སྤྱོད་འཆར་གཞིའི་ནང་དོན་གལ་ཆེན་ཞིག་ཡིན། ཞབས་འདེགས་བྱེད་སྒོ་སྤེལ་སྐབས་ལྷ་ས་གྲོང་ཁྱེར་གྱིས་འགག་རྩ་དེར་དམ་འཛིན་བྱས་ཏེ་རིགས་གཅིག་མཁས་ཅན་གྱིས་གཞི་རིམ་དུ་ལག་རྩལ་དང་། ཤེས་བྱ། ཆ་འཕྲིན་སོགས་མཁོ་འདོན་བྱས་པས་ཕན་འབྲས་བཟང་པོ་ཐོབ་ཡོད།

    ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་དང་། ཚན་རྩལ་ཅུས། མཐོ་གསར་ཁུལ་བཅས་ཀྱིས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་24གདན་དྲངས་ཏེ་ཞབས་ཞུ་ཚོགས་པ་བཙུགས་ནས་ཞིང་འབྲོག་ལས་དང་། བཟའ་བཅའི་ཤ་མོ། དཀར་ཆུ། རྩྭ་སོན། བོད་བྱ། བ་གླང་། ཕག་པ། ལྡུམ་རའི་སྒྱུ་རྩལ། ལྡུམ་ར་བཅས་ཁྱབ་ཁོངས་9ལ་ལག་རྩལ་མཛུབ་ཁྲིད་དང་། བློ་འདྲི། རིགས་པས་ཁུངས་སྐྱེལ། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་ཞབས་འདེགས་ཞུས་ཡོད།

    དཀར་ཆུ་དང་། བོད་བྱ། བ་གླང་། ཕག་པ། ལྡུམ་རའི་སྒྱུ་རྩལ་བཅས་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་ཚོས་ཞིང་ཁ་དང་འགྱིག་ཤོག་དྲོད་ཁང་སོགས་སུ་བསྐྱོད་དེ་གཞི་རིམ་གྱི་ལག་རྩལ་མི་སྣ་དང་། གསོ་ཚགས་དུད་ཆེན། མཉམ་ལས་རྩ་འཛུགས་སོགས་ཀྱི་འགོ་ཁྲིད་དང་ཞིང་འབྲོག་པའི་འཐུས་མིར་གཞི་ཁྱོན་ཆེ་བའི་གཅིག་སྡུད་གསོ་སྦྱོང་ཐེངས་5བྱས་པ་དང་ཞིང་འབྲོག་པ་མི་ཐེངས་400ལ་གསོ་སྦྱོང་བྱས་ཡོད།

    སྔོན་ཐོན་གྱི་ལག་རྩལ་བརྒྱུད་བསྒྲགས་བྱས་ཏེ་གཞི་རིམ་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་བ།

    རིགས་གཅིག་མཁས་ཅན་བརྒྱ་ཡིས་གཞི་རིམ་དུ་ཞབས་འདེགས་ཞུ་བའི་བྱེད་སྒོ་དེས་གཞི་རིམ་གྱི་དཀའ་ངལ་དངོས་ཐག་གཅོད་བྱས་པ་དང་ཆབས་ཅིག་གཞི་རིམ་གྱི་ཆེད་ལས་ལག་རྩལ་མི་སྣ་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་བཏོད་པ་དང་གཞི་རིམ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཡོད།

    ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་20གདན་དྲངས་ཏེ་སྨན་བཅོས་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པ་བཙུགས་ཏེ་རྫོང་དང་ཆུས་ཁག་ཏུ་དཔེ་སྟོན་སློབ་ཁྲིད་བྱས་པ་དང་། ལག་རྩལ་ཉམས་མྱོང་ཁྱབ་གདལ་བཏང་བ། ནད་དཔྱད་དང་། ནད་རྟགས་དཔྱོད་དཀའ་བའི་ནད་གཞི་མཉམ་དཔྱད། སྐོར་སྐྱོད་སྨན་བཅོས། འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་། རྫོང་དང་ཆུས་ཁག་གི་འཕྲོད་བསྟེན་སྨན་བཅོས་སྒྲིག་གཞི་བཅས་ལ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་70ཙམ་གསོ་སྐྱོང་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ནང་གི་མཐོ་རིམ་རིགས་གཅིག་མཁས་ཅན་19གདན་དྲངས་ནས་ལྡུམ་ར་འཛུགས་སྐྲུན་དང་། ས་གཙང་བདེ་ཐང་ཐོན་ལས། འཕྲོད་བསྟེན། ཤེས་ལྡན་མི་སྣའི་ཞབས་ཞུ་བཅས་ཁྱབ་ཁོངས་4ལ་དམིགས་ཏེ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཞབས་འདེགས་ཞུས་ཡོད། བྱེད་སྒོའི་ནང་རྒྱལ་ནང་གི་རྩེར་སོན་རིགས་གཅིག་མཁས་ཅན་112དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིགས་གཅིག་མཁས་ཅན་11ལས་གྲུབ་པའི་ཞབས་ཞུ་ཚོགས་པས་གཞི་རིམ་དུ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་བས་གཞི་རིམ་གྱི་ཐོན་ལས་ཤེས་ལྡན་མི་སྣ་དང་། སྨན་བཅོས་ལག་རྩལ་མི་སྣ། ཕྱུགས་རིགས་སྨན་པ་སོགས་མི་ཐེངས་5000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དུས་མཚུངས་རྣམ་གྲངས་སྣ་ཚོགས་ཁག་5དང་འབྲེལ་མཐུད་བྱས་པ་དང་གཞི་རིམ་གྱི་དཀའ་ངལ་དངོས་20ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་པས་གཞི་རིམ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་རིགས་གཅིག་མཁས་ཅན་གྱིས་ལེགས་སྐྱེས་འབུལ་བ་དང་མང་ཚོགས་ལ་ཕན་པ་ཐོབ་པ་བྱས་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།