རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན། གཟའ་ཟླ་བ་ནས་ལྷག་པ་བར། རང་ལྗོངས་ཀྱི་ཉིང་ཁྲི་དང་། ནག་ཆུ། ཆབ་མདོ་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། དེའི་ཤུགས་རྐྱེན་གྱིས་དབུས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་6བར་ཆག་རྒྱུ་རེད། ལྷོ་ཁ་དང་ལྷ་སར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)སིམ་སིམ་འབབ་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲིར་གངས(ཆར་པ)འབྲིང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཆེན་པོ་འབབ་རྒྱུ། ནག་ཆུ་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། གཞིས་རྩེ་དང་ལྷ་སར་གནམ་འཐིབ་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་ལྷགས་པ་རིམ་པ་5ཙམ་རྒྱག་རྒྱུ།
རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱི་རིགས་གཅིག་མཁས་ཅན་གྱིས་གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་མ་ཆར་གྱི་གནམ་གཤིས་བསྟན་ནས་ས་བབ་དམའ་བའི་ཞིང་ཁུལ་གྱི་དཔྱིད་རྨོད་དཔྱིད་གྲབས་ལ་ཕན་པ་ཡོད། འོན་ཀྱང་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་ཐེབས་སླ་བས་འབྲེལ་ཡོད་སྡེ་ཚན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཐད་ཤུགས་སྣོན་རྒྱག་དགོས། དུས་མཚུངས་གནམ་གཤིས་རིམ་བཞིན་དྲོ་རུ་སོང་བ་དང་སྦྲགས་རི་ངོས་ཀྱི་གངས་གསོག་ཐད་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གངས་རྡིབ་རྒྱག་པ་དང་གངས་བཞུར་བའི་རང་བཞིན་གྱི་འདམ་རྡོའི་ཆུ་རུད་སོགས་ཞོར་ཐོན་གནོད་འཚེར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།