ཚེས་18ཉིན་“དཔེ་ཀློག་ལྟ་ཀློག་ལ་རོལ་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད”ཞེས་པའི་པེ་ཅིང་གི་གཅེས་སེམས་ཏེ་དཔེ་དེབ་ཞལ་འདེབས་ཀྱི་བྱེད་སྒོ་ལྷ་སའི་SOSབྱིས་པའི་གྲོང་ཚོར་སྤེལ་ཡོད། རིན་ཐང་སྒོར་ཁྲི་10ཡོད་པའི་དཔེ་དེབ་གསར་པ་2000རྣམས་ལུས་ལ་གཟབ་མཆོར་གྱིས་རྒྱན་པའི་བྱིས་པ་ཚོའི་ལག་ཏུ་འབྱོར་ཡོད། བྱིས་པ་ཚོས་ཀྱང་ལག་ཏུ་གཅེས་སེམས་ཀྱི་དཔེ་དེབ་འཁྱེར་ཞིང་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། ད་ཐེངས་ཀྱི་ཞལ་འདེབས་བྱེད་སྒོ་དེ་པེ་ཅིང་གི་བོད་སྐྱོར་བཀོད་འདོམས་པུའུ་ཡི་ཀྲིའི་པུའུ་གསུམ་པ་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་མཉམ་དུ་སྤེལ་བ་ཞིག་ཡིན།
2015ལོའི་ལོ་མཇུག་ཏུ་གཅེས་སེམས་མི་སྣ་ཁག་དང་ཁེ་ལས་ཁག་གིས་པེ་ཅིང་དུ་སློབ་གྲྭའི་སྤྱི་ཕན་བྱེད་སྒོ་ཞེས་པ་སྤེལ་ཡོད། ད་ཐེངས་ཀྱི་ལྷ་སའི་དཔེ་དེབ་ཞལ་འདེབས་ཀྱི་བྱེད་སྒོ་དེའང་སློབ་གྲྭའི་སྤྱི་ཕན་བྱེད་སྒོའི་ནང་གསེས་ཤིག་ཀྱང་ཡིན། རྣམ་གྲངས་དེའི་འགན་འཁུར་མི་སྣས་བརྗོད་དོན། ཕྱིས་སུ་ལྷ་ས་གྲོང་ཁྱེར་གྱི་སློབ་ཆུང་ཁག་ལའང་དཔེ་དེབ་སྣ་ཚོགས་དང་དེ་མིན་གྱི་དངོས་པོ་སོགས་དུས་ངེས་མེད་དུ་ཞལ་འདེབས་བརྒྱབ་རྒྱུ་ཡིན་ཞེས་བཤད།