སློབ་མའི་རང་རྟོགས་ནུས་པ་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་སྐོར་ཅུང་ཟད་གླེང་བ།
མིག་སྔར་རང་ལྗོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཐོག་དགེ་རྒན་ཚང་མས་སློབ་ཁྲིད་སྤུས་ཚད་ལ་ཤུགས་སྣོན་རྒྱག་ཕྱིར་རང་ངོས་ཀྱིས་ལོ་མང་རིང་སློབ་ཁྲིད་བྱས་པའི་ལས་ཀའི་ཉམས་མྱོང་བཟང་པོ་གླེང་ནས་ལེགས་ཆ་ཁྱབ་སྤེལ་གཏོང་ཐབས་ཀྱི་ཆེད་རྩོམ་སྤེལ་གྱི་ཡོད་པ་དང་། དགེ་རྒན་འགའ་ཞིག་གིས་སློབ་གསོ་སློབ་ཁྲིད་ཐད་དངོས་ཡོད་གནས་ཚུལ་དང་མཐུན་པའི་གྲོས་འགོ་དང་བསམ་འཆར་གླེང་བ། དགེ་རྒན་ཁག་གཅིག་གིས་ཁྱིམ་ཚང་སློབ་གསོར་དོ་སྣང་བྱེད་དགོས་པའི་སྐོར་གླེང་བ། ཡང་དགེ་རྒན་དེ་བས་མང་བ་ཞིག་གིས་འཛིན་གྲྭའི་ཀྲུའུ་རེན་དེ་སློབ་ཁྲིད་དང་ཀུན་སྤྱོད་སྐྱོང་རྒྱུ་སོགས་ཕྱོགས་ཡོངས་ཀྱི་ཐད་འགག་རྩའི་ནུས་པ་འདོན་མཁན་ཞིག་ཡིན་པར་གཞིགས་ཏེ། འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་སྤེལ་ཕྱོགས་གླེང་བ་སོགས་བྱས་ཏེ་སློབ་གསོ་གོང་ནས་གོང་དུ་སྤེལ་བར་ཆེད་རྩོམ་གྱི་ཆར་རྒྱུན་འབེབས་པའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། འདིར་དགེ་རོགས་གཞན་གྱིས་གླེང་ཟིན་ཡང་རུང་མ་ཟིན་ཡང་རུང་། སྤྱིར་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་དུས་ནས་རང་མགོ་གང་མགྱོགས་ཐོན་རྒྱུའི་འདུན་པ་འཆང་གི་ཡོད་ལ། དེ་མཚུངས་སུ་ཕྲུ་གུར་གོམ་པ་རིམ་བགྲོད་ཀྱིས་རང་རྐྱ་འཕེར་བ་བྱ་དགོས་པའི་བླང་བྱ་འདོན་པ་ལྟར་སློབ་སྦྱོང་གི་ཐད་ལའང་དགེ་རྒན་བསྟེན་པ་ཙམ་མིན་པར་གང་ལ་གང་འཚམ་གྱི་རང་རྐྱ་འཕེར་བ་ཞིག་ཡོང་བར་རྟག་ཏུ་དྲན་སྐུལ་དང་སློབ་སྟོན་བྱེད་རྒྱུ་དེ་ཡང་སློབ་ཚན་ལེགས་པོ་ཁྲིད་པ་དང་ཁྱད་པར་མེད་པས་དེས་ན་བདག་གིས་འདི་གར་སློབ་མའི་རང་རྟོགས་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་གང་ཐད་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་ཅུང་ཟད་གླེང་རྒྱུ་ཡིན།
གཅིག གང་མགྱོགས་རང་མགོ་རང་ཐོན་ཡོང་བ་བྱེད་པར་སློབ་ཕྲུག་གཅེས་ལང་དུ་གཏོང་མི་རུང་བའི་སྐོར།
སྨྲ་བརྗོད་ཀྱི་སྤོབས་པ་བྲལ་བའི་བྱོལ་སོང་གིས་ཀྱང་རང་གི་ཤ་ཁྲག་ལས་མཆེད་པའི་ཕྲུ་གུར་གཅེས་སྐྱོང་བྱེད་ཀྱི་ཡོད་ཕྱིར། སྨྲ་ཤེས་དོན་གོ་ཚང་བའི་འགྲོ་བ་མིས་རང་གི་ཕྲུ་གུ་བྱམས་ཀྱིས་སྐྱོང་བ་ནི་སྨོས་ཅི་འཚལ། འོན་ཀྱང་འཇམ་རྩུབ་ལ་ཡང་ཚད་ཡོད་དགོས་པ་ལྟར། ཕ་མས་རང་གི་ཕྲུ་གུ་བྱམས་ཀྱིས་སྐྱོང་བ་དེའང་ཚད་རན་པོ་ཞིག་དགོས་ཏེ། དེ་ལྟར་མ་བྱུང་ཚེ་གཅེས་ཕྲུག་ལང་ཤོར་གླགས་མི་རྙེད་པ་ཞིག་ཏུ་འགྱུར་སླ་བ་ཡིན། སྔར་ནས་ད་བར་རང་རེའི་འཇིག་རྟེན་ཐོག་བྱུང་བའི་སྐྱེ་བོ་ཤེས་རབ་ལྡན་ཞིང་འཇོན་ཐང་ཅན་མང་པོ་ཞིག་ཐོན་ཡོད་པ་དེ་དག་ཕལ་ཆེ་བ་དཀའ་སྡུག་གི་ལམ་ཕྲང་གཤགས་ནས་ཡོང་བ་ལས། ཕ་མའི་པང་ཁར་གཅེས་པའི་བྱམས་བརྩེ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་མིན་པའི་ཕྱིར་རོ། དེ་ཡང་ཆུང་དུས་བྱམས་དྲགས་པའི་དབང་གིས་ནར་སོན་རྗེས་ཀྱང་རང་མགོ་མི་ཐོན་པའམ་ཕ་མ་ཁོ་ནར་བརྟེན་མཁན་བུ་ཕྲུག་ཁག་གཅིག་ཀྱང་ཡོད་པའི་འབྱུང་རྐྱེན་དེ་ཕ་མས་གཅེས་ལང་དུ་བཏང་བ་ལས་གཞན་མིན་སྟབས《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ》ལེའུ་བཅུ་པའི་ནང་དུའང་སྔོན་བྱོན་མཁས་པས་ཕྲུ་གུས་ཕ་མར་བསྙེན་བཀུར་ཇི་ལྟར་ཞུ་དགོས་ལུགས་བསྟན་པ་ཕུད། ཕ་མས་བུ་ཕྲུག་ཇི་ལྟར་སྐྱོང་རྒྱུའི་ཐད་དུས་ཡོལ་བ་མེད་པའི་བསླབ་སྟོན་གནད་དུ་འཕིགས་པ་གནང་ཡོད་པ་སྟེ། “ན་སོ་གཞོན་དུས་བུ་ལ་ཡོན་ཏན་སློབས། ན་སོ་ལོངས་ནས་སློབ་དགོས་མེད་པ་གྱིས། ལྕང་གསར་གཞོན་དུས་འདྲོང་ན་འདྲོངས་པ་རེད། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན”ཞེས་ཆུང་དུས་གཅེས་ལང་མ་བཏང་བར་ཀུན་སྤྱོད་ཡོན་ཏན་ཕྱོགས་གང་ཅིའི་ཐད་ཀྱི་སློབ་གསོ་ཐོབ་དགོས་པ་ལས། རིག་པ་ཉམས་ཤིང་སྤྱོད་པ་ལང་ཤོར་དུ་སོང་བའི་མི་རྒན་དུ་གྱུར་རྗེས་བསླབ་བྱ་བྱས་ཏེ་ཕན་འབྲས་ཐོན་དཀའ་བའི་མིའི་དངོས་ཡོད་གནས་ཚུལ་ལུང་བསྟན་པ་ལྟ་བུ་དང་། ཡང་དཔེར་ན། བསླབ་བྱ་ལེའུ་བཅུ་གཅིག་པའི་ནང“དེ་ནས་གསན་དང་ཨ་མའི་ཨོ་ལོ་ཚོ། བྱམས་དང་བརྩེ་བ་ཅན་གྱི་དྲིན་ཆེན་མ། ཕྲུ་གུ་ཆུང་དུས་ཨ་མའི་མགོ་རུ་སྡོད། ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་། ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར། ལུས་ལ་མི་གཡོགས་དགུ་གཡོགས་ཨ་མས་གཡོགས། ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། ལང་ཤོར་ཐ་མ་ཨ་མས་སྒ་མི་ཁུག ”ཅེས་པ་ཡང་། བྱམས་དྲགས་གཅེས་ལང་དུ་ཤོར་བའི་ཕྲུ་གུ་དེ་མི་རྒན་ཆགས་རྗེས་ཨ་མས་གཅུན་འདོམས་བྱེད་དགོས་སྙམ་ཡང་གླགས་མི་འཁེལ་བར་འགྱོད་པའི་གླིང་དུ་བསྐྱལ་ཡོང་བའི་དོན་དངོས་བཤད་དེ་ཕྲུ་གུ་གཅེས་ལང་དུ་གཏན་ནས་གཏོང་མི་རུང་བ་བསྟན་པ་དང་། ཡང“ཞིམ་པོ་སྟེར་སྟེར་འཇམ་པོ་གཡོགས་གཡོགས་ཞོག བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱོངས”ཞེས་པས། ཕྲུ་གུར་སྡུག་ལ་སྦྱོར་དགོས་ཞེས་དང་། སྡུག་སྦྱོང་གཏོང་དགོས་ཞེས་བཤད་པ་མིན་གྱི་ཕྲུ་གུ་རང་མགོ་མགྱོགས་ཙམ་ཐོན་པའི་ཕྱིར་དང་། རང་རྟོགས་ཀྱི་ནུས་པ་ལྡན་པའི་ཆེད་དུ་སྦྱོང་བརྡར་ནན་པོ་བྱོས་ཞེས་བསྟན་པ་ཡིན། དེང་གི་ཆར་ཕ་མ་ཉུང་ཤས་ཀྱིས་བསླབ་སྟོན་བཟང་པོ་དེ་ལྟ་བུ་ལས་ལྡོག་པའི་སྒོ་ནས་རང་ཕྲུག་གཅེས་ལང་དུ་བཏང་བར་བརྟེན། བུ་མོ་ཨ་མའི་ལོ་ཚོད་དུ་སླེབས་པ་དང་བུ་ཆུང་པ་ཕའི་ལོ་ཚོད་དུ་སླེབས་པ་སྟེ། སློབ་ཆེན་ཐོན་ནས་གཞུང་ལས་པར་གྱུར་ཀྱང་ཕ་མས་ལས་བགོས་རྒྱག་སར་བུ་རྫི་བཞིན་དུ་འགྲོ་དགོས་པ་འགའ་ཡང་ཡོད་པ་ནི་གཅེས་དྲགས་པའི་འབྲས་བུར་ཕ་མ་རྒས་ཀྱང་ད་དུང་གཞོན་པ་གཞོན་མར་གཡོགས་རྒྱུག་དགོས་པ་ལྟ་བུ་དེ་འདྲ་ཆགས་པ་མཐོང་ཆོས་སུ་གྱུར་ཡོད། སློབ་མའི་རང་རྟོགས་ནུས་པར་ཤུགས་སྣོན་རྒྱག་པར་དང་ཐོག་ཕྲུ་གུ་གཅེས་ལང་དུ་མི་གཏོང་རྒྱུ་ནས་འགོ་འཛུགས་དགོས་ཤིང་། དེའི་ཐད་ཕ་མས་ཕྲུ་གུས་གོ་ཤེས་ཐུབ་པ་ནས་བཟུང་བསླབ་བྱ་དང་རེ་བ་ནན་པོ་འདོན་དགོས་ལ། ང་ཚོ་དགེ་རྒན་ཚོས་ཀྱང་ཕ་མས་ཕྲུ་གུ་སློབ་གྲྭར་བསྐྱལ་བ་ནས་བཟུང་ངེས་པར་དུ་ཕྲུ་གུར་འཛིན་པའི་ལྟ་སྟངས་དེ་རང་ཉིད་ཕ་མ་གཉིས་པ་ཡིན་པའི་འདུ་ཤེས་ཀྱི་ཐོག་ནས་ཀུན་སྤྱོད་སློབ་པ་དང་། ཤེས་བྱ་སློབ་རྒྱུ་གཉིས་ཟུང་འབྲེལ་བྱེད་དགོས་ཀྱི་རེད། འོ་ན། ཇི་ལྟར་བྱས་ཏེ་ཤེས་བྱའི་ཐད་རིམ་གྱིས་རང་རྟོགས་ཀྱི་ནུས་པ་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་དགོས་སམ་ཞེ་ན། དེའང་སློབ་མ་ཆུང་ཆུང་གིས་མ་ཤེས་པ་དང་འཁྲུལ་བ་ཇི་ལྟར་བྱུང་ཡང་དེ་ལྟར་ཐེངས་རེ་གཉིས་བྱུང་བ་ནི་དཔེ་མི་སྲིད་པ་ཞིག་ཡིན་པའི་རྣམ་འགྱུར་འཛིན་ནས་མཐར་བཀག་གཏོང་བའི་བྱེད་ཐབས་སྤྱད་ཚེ། ཕྲུ་གུའི་བསམ་རྒྱ་ཆུང་བའི་དབང་གིས། ཤེས་ཡོན་སློབ་རྒྱུར་ཞེན་པ་ལོག་སྟེ་སློབ་གྲྭའི་སྒོ་འཛུལ་མ་ཐག་འཐོམས་སྣང་ཅན་དུ་གྱུར་པ་དང་། དགེ་རྒན་གྱིས་ཇི་ཙམ་བཤད་ཀྱང་མི་ཉན་མཁན་ཞིག་ཏུ་འགྱུར་ལ། དེ་ལས་ཀྱང་ཚབས་ཆེ་བར་ཁྱིམ་ནས་ཐོན་ཏེ་སློབ་བྱོལ་བྱེད་པ་སོགས་ཀྱི་སྣང་ཚུལ་ཡང་ཐོན་ཉེན་ཆེ་སྟེ། དེ་ལྟ་བུར་གྱུར་ཚེ། གོང་དུ་ཁ་ཆེ་ཕ་ལུའི་བསླབ་བྱའི་ནང་བསྟན་པའི་“ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན”ཞེས་པ་སྟེ་སྐྱོབ་ཐབས་བྲལ་བའི་གནས་སུ་ལྷུང་ངེས་པ་དེ་ཡིན། དགེ་རྒན་ཚོས་ཤེས་ཡོན་སློབ་པར་ཡུན་རིང་བསྟེན་དགོས་པའི་ཆོས་ཉིད་ལ་བརྩི་སྲུང་དང་། སློབ་ཕྲུག་ཚོའི་ངོས་ནས་བྱུང་བའི་བཟང་ཆ་ཅུང་ཟད་ཀྱང་རྩ་ཆེན་པོར་བརྩིས་ཏེ་ཆེ་སར་བཞག་ཐོག་སློབ་ཕྲུག་ཅིག་གི་ཐོག་ནས་བྱུང་བའི་སྤྱོད་ཡོན་ལེགས་གྲས་དེ་དུས་རྟག་ཏུ་གླེང་ནས་ཁོང་ཚོར་ལེགས་བྱས་ཀྱི་སྤོབས་པ་རྙེད་དུ་འཇུག་དགོས། དེ་ལྟར་བྱས་ཚེ། གཅེས་ལང་དུ་མི་ཤོར་བའི་ཐོག་ནས་སློབ་མའི་རང་རྟོགས་ནུས་པར་སྐུལ་ལྕག་བྱུང་སྟེ་རིམ་གྱིས་བསྔགས་བརྗོད་ཐོབ་རེའི་དོན་དུ་འབད་པ་ཧུར་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཐོན་ཐུབ།
གཉིས། སློབ་མའི་སྤྱོད་ཡོན་ལ་བསྔགས་པའི་ཐབས་ཀྱིས་རང་རྟོགས་ནུས་པ་གོང་མཐོར་གཏོང་རྒྱུའི་སྐོར།
མིག་སྔར་སློབ་གྲྭ་འགའ་རེའི་ནང་དགེ་རྒན་ཉུང་ཤས་ཀྱིས་སྦྱངས་འབྲས་ཞན་པའི་སློབ་མར་ཕུགས་རེ་མེད་པའི་སྟབས་བདེའི་ངོས་འཛིན་བྱས་ཏེ་ཤེས་ཚད་ལ་ཆ་འཇོག་ཕྲན་བུའང་བྱེད་ཀྱི་མེད་སྟབས་དེའི་འབྲས་བུར་དགེ་རྒན་གྱིས་བློས་བཏང་བའི་སློབ་མ་ཞིག་ཏུ་གྱུར་ཞིང་། དགེ་རྒན་གྱིས་སློབ་མ་དེ་གྲས་ལ་འཛིན་པའི་ལྟ་སྟངས་ཀྱི་ཐོག་ནས་སློབ་མར་རང་ཉིད་ནི་ཉིན་ལྟར་སློབ་གྲྭར་ཡོང་ཡང་རེ་བ་མེད་པའི་སློབ་ཕྲུག་ཏུ་གྱུར་སོང་སྙམ་པའི་ཕོག་ཐུབ་བྱུང་སྟེ་སྦྱངས་བརྩོན་ཆེ་རུ་གཏོང་རྒྱུའི་བསམ་བློ་མི་གཏོང་མཁན་ཞིག་ཏུ་གྱུར་གྱི་ཡོད་པས། སློབ་མའི་རང་རྟོགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དང་རྒྱང་ཐག་རིང་པོར་གྱུར་གྱི་ཡོད་པ་རེད། ཡིན་ནའང་སློབ་མའི་གཤིས་རྒྱུད་ཇི་ལྟ་བུ་ཡིན་མིན་དེ་ཕ་མ་ཕུད། ཤེས་རྟོགས་གསལ་པོ་ཐུབ་མཁན་ནི་དགེ་རྒན་ཉག་ཅིག་ཡིན་པས། སློབ་གྲྭའི་ནང་དགེ་རྒན་གྱིས་སྦྱངས་འབྲས་ཞན་པའི་སློབ་མ་ཨ་ཅང་ཅང་། སློབ་མ་སྤྱིར་དུས་ཀུན་ཏུ་ཁོང་ཚོ་སོ་སོའི་སྤྱོད་ཡོན་དཔེར་ན། སྤྱོད་པའི་ཐད་བྱ་བ་བཟང་པོ་ཅུང་ཟད་ཅིག་བསྒྲུབས་པ་དང་། ཡོན་ཏན་གྱི་ཐད་སྦྱངས་ཚན་ལེགས་པོ་ཐེངས་གཅིག་བྲིས་ཀྱང་གོ་ཚོར་མེད་པར་མི་འཇོག་པར་དུས་ཐོག་ཏུ་བསྔགས་བརྗོད་བྱེད་དགོས་པ་མ་ཟད། བསྔགས་བརྗོད་དེ་ཡང་ཚོགས་པའི་མདུན་ཏེ། འཛིན་གྲྭའི་ནང་སློབ་མ་ཡོངས་ཀྱི་ཁྲོད་དུ་བསྔགས་བརྗོད་བྱས་ཚེ་བསྔགས་བརྗོད་བྱ་ཡུལ་སློབ་མ་དེས་མ་ཚད་པར། འཛིན་གྲྭ་ཡོངས་ཀྱི་སློབ་མར་བསྔགས་བརྗོད་ཐོབ་རེའི་འདུན་པ་དྲག་པོ་སྐྱེས་ཏེ་སློབ་སྦྱོང་ལ་སྦྱངས་བརྩོན་བྱེད་པའི་རང་རྟོགས་ནུས་པ་དང་། བྱ་བ་བཟང་པོ་བསྒྲུབས་པའི་རང་རྟོགས་ནུས་པ་གོང་མཐོར་གཏོང་ཐུབ། དེ་ཡང་འཇིག་རྟེན་ཐོག་གཏམ་དཔེ་འདི་འདྲ་ཞིག་ཡོད་པ་སྟེ། “དཔོན་པོ་ཕལ་ཆེར་ངོ་བསྟོད་ལ་དགའ”ཞེས་པ་དེ་ཡིན་ཞིང་། དེ་ཐོག་ནས་ཤེས་ཡོན་ངེས་ཅན་ལྡན་པ་དང་། གནས་བབ་མཐོ་ཙམ་དུ་སླེབས་པའི་དཔོན་རིགས་ལའང་སྤྲེལ་ལད་འཁྲབ་དགོས་ཀྱི་ཡོད་ན། ཧ་ཉིད་ཡོངས་སུ་སད་མེད་པའི་སློབ་མ་ཆུང་ཆུང་ལ་སྤྲེལ་ལད་ཀྱི་བྱ་ཐབས་ཅུང་ཟད་སྤྱོད་དགོས་པ་ནི་སྨོས་མི་དགོས་པ་ཞིག་དང་། མི་རབས་རྗེས་མའི་དོན་དུ་དགེ་རྒན་གྱིས་སློབ་མའི་འབྱུང་འགྱུར་གྱི་ཆེད་དུ་རང་གི་ཆེ་ཉམས་ཅུང་ཟད་ཤོར་ཡང་དེ་ནི་ཆེ་ཉམས་བློས་གཏོང་བྱེད་རིན་ཡོད་པ་ཞིག་རེད།
སློབ་མའི་རང་རྟོགས་ནུས་པ་གོང་མཐོར་གཏོང་བའི་ཐབས་གཞན་ཞིག་ནི་སློབ་མའི་དབར་སློབ་སྦྱོང་དང་བྱ་བཟང་སྒྲུབ་པར་འགྲན་རྩོད་བྱེད་པའི་མཐོ་རླབས་ཤིག་སློང་ཐབས་བྱེད་དགོས་པ་དེ་རེད། མི་ཁག་གཅིག་གིས་བྱ་གཞག་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་པའི་འགྲན་རྩོད་ཀྱི་སྐོར་གླེང་སྐབས་འགྲན་རྩོད་བྱེད་དུ་འཇུག་པ་དེ་ནི་མཐུན་ལམ་ལ་གཏོར་བཤིག་གཏོང་བར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ལྟ་ཚུལ་དེ་ནི་ཤིན་ཏུ་གུ་དོགས་པ་ཞིག་ཡིན་ཏེ། དེ་ཡང་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཡིན་ཡང་འདྲ། ས་ཁུལ་དང་ས་ཁུལ་དབར་ཡིན་ཡང་འདྲ། ཁྱིམ་ཚང་དང་ཁྱིམ་ཚང་དབར་ཡིན་ཡང་འདྲ། མི་དང་མིའི་དབར་ཡིན་ཡང་འདྲ་གང་ལྟར་འགྲན་རྩོད་ལ་བརྟེན་ནས་ཕན་ཚུན་སྐུལ་འདེད་དང་། འགྲན་རྩོད་ལ་བརྟེན་ནས་ཕན་ཚུན་ཉམས་མྱོང་འདོན་སྤྲོད། འགྲན་རྩོད་ལ་བརྟེན་ནས་ལེ་ལོའི་འདམ་དུ་བྱིང་བ་ལས་ཕྱིར་དོན་ཐུབ་པ་སོགས་འགྲན་རྩོད་ཡར་སྐུལ་གྱིས་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་ནི་དོན་དངོས་མང་པོས་ང་ཚོར་དངོས་ར་འཕྲོད་མུས་ཡིན། སྔོན་ཆད་ནས་བོད་མིའི་གཏམ་དཔེར་ཡང“ཁྱིམ་མཚེས་ཞེ་སྡང་མེད་ན་གྲོང་ལ་ཡར་བསྐྱེད་མེད”ཅེས་ཤོད་སྲོལ་ཡོད་ཅིང་། སྐབས་འདིའི་ཞེ་སྡང་ནི་ཕན་ཚུན་འགྲན་རྩོད་མེད་ན་ཞེས་བཤད་པར་གོ་དགོས་པ་ལས། ཡང་གོ་བ་ལོག་སྒྲུབ་ཀྱིས་ཕན་ཚུན་ཞེ་སྡང་གིས་གནོད་སྐྱེལ་རྒྱུ་དེ་མ་ཡིན། གཏམ་དཔེ་དེས་གྲོང་པ་ཁྱིམ་མཚེས་ཕན་ཚུན་གཅིག་ལ་གཅིག་གིས་སྐུལ་མ་གཏོང་བ་དང་། འབད་པར་བསྐུལ་བ་ཞིག་ཡིན་ཞིང་། གཏམ་དཔེ་དེ་སློབ་མའི་དབར་ལ་ཡང་འཕྲོས་ཐུབ་པ་སྟེ། སློབ་མར་ཞེ་སྡང་མེད་ན་སློབ་སྦྱོང་ལ་ཡར་རྒྱས་མེད། འགྲན་རྩོད་དང་ཞེ་སྡང་ཞེས་པའི་ཐ་སྙད་དེ་གཉིས་ཚིག་འཇམ་རྩུབ་ཙམ་མ་གཏོགས་རྩ་བའི་གོ་དོན་དང་ངོ་བོའི་ནུས་པར་ཁྱད་པར་མེད་པས་དེར་བརྟེན་ང་ཚོ་དགེ་རྒན་ཚོས་སྦྱངས་འབྲས་ལེགས་ཞན་ལ་བལྟོས་ཏེ་བྱ་དགའ་གཟེངས་བསྟོད་བྱེད་པའི་ཐབས་ཤེས་དེ་འགྲན་རྩོད་གྲུ་གཟིངས་ཀྱི་བགྲོད་རླབས་མྱུར་དུ་གཏོང་བའི་སྐྱ་བ་ལྟ་བུར་བརྩི་དགོས་ཀྱི་རེད། ཡང་དེའི་ཐད་རྒྱས་བཤད་བྱས་ཚེ། བྱ་དགའ་དང་གཟེངས་བསྟོད་ཀྱིས་མི་རྒན་རྣམས་ལའང་སྐུལ་ལྕག་དང་འགྲན་སློང་གི་ནུས་པ་ཚད་གཞལ་དཀའ་བ་ཞིག་ཐོན་གྱི་ཡོད་ཕྱིར། སློབ་མ་ཆུང་ཆུང་ལའང་སྐུལ་མ་མི་ཐེབས་པ་གཏན་ནས་མི་སྲིད་ཅིང་། འགྲན་རྩོད་ཀྱིས་བློ་ལ་བརྟེན་ནས་དེ་སྔོན་སྦྱངས་ཚན་དུས་ཐོག་ཏུ་ལེགས་གྲུབ་མི་བྱེད་མཁན་ཡང་ལེགས་གྲུབ་བྱེད་མཁན་དུ་གྱུར་པ་དང་། དེ་སྔོན་སྐྱོན་བརྗོད་ཁོ་ན་དང་རྗེས་ལུས་པའི་གྲས་སུ་སྡོད་མཁན་སྔོན་ཐོན་དཔེ་བཟང་བར་གྱུར་པ་ནི་ད་ཕན་སློབ་གྲྭ་མང་པོ་ཞིག་གི་འགྲན་སློང་གི་བྱེད་ཐབས་ནས་མཐོང་གསལ་ཡིན། རང་རེས་བྱ་ཐབས་ལེགས་གྲས་རྣམས་རྒྱུན་འཛིན་ལག་བསྟར་དང་། ཕྱོགས་སྡོམ་ནན་ཏན་བགྱིས་ཏེ་འགྲན་རྩོད་བྱེད་དུ་འཇུག་པ་དེ་སློབ་མའི་རང་རྟོགས་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་ལེགས་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས་པར་མཐོང་། གཞན་ཡང་དེ་སྔ་སློབ་གྲྭ་འགའ་རེའི་ནང་དགེ་རྒན་ཁག་གཅིག་གིས་སློབ་སྦྱོང་འགྲན་རྩོད་ཀྱི་ཆེད་དུ་སློབ་ཕྲུག་གི་ཁྲོད་དུ་འགྲན་བསྡུར་གྱི་ཁ་གཏད་བཟོ་བ་ཡང་ཡོད་ཅིང་། དེ་ཡང་ཐབས་ཤེས་ཤིག་ཡིན་མོད། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ་ཐད་ཀར་ཁ་གཏད་བཟོ་བ་དེས་སློབ་མའི་དབར་གྱི་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད་གཤིས། དགེ་རྒན་གྱིས་སློབ་སྦྱོང་གི་ཆེད་དུ་ཡིན་པའི་སྐོར་གོ་དོན་གསེད་འགྲོལ་ལེགས་པོ་བྱེད་རྒྱུ་ཡང་གལ་ཆེ་བ་དང་། དེ་བཞིན་དུ་སློབ་མའི་སློབ་སྦྱོང་འགྲན་རྩོད་བྱེད་པར་འཛིན་གྲྭ་གཅིག་ནང་གི་སློབ་མའི་དབར་ཁོ་ན་མིན་པར་འཛིན་གྲྭ་དང་འཛིན་གྲྭའི་དབར་དང་། སློབ་གྲྭ་དང་སློབ་གྲྭའི་དབར་ཡང་འགྲན་རྩོད་ཀྱི་ཁ་གཏད་བཟོས་ཏེ་སློབ་མ་གཅིག་ལས་གཅིག་རྣམ་པར་རྒྱལ་བ་དང་། འཛིན་གྲྭ་གཅིག་ལས་གཅིག་རྣམ་པར་རྒྱལ་བ། སློབ་གྲྭ་གཅིག་ལས་གཅིག་རྣམ་པར་རྒྱལ་བ་བཅས་ཀྱི་འགྲན་རྩོད་མཐོ་རླབས་ཤིག་སློང་ཐུབ་ཚེ། ཐམས་ཅད་སྔོན་ཐོན་པར་འགྱུར་ཏེ་རང་རེའི་སློབ་གསོའི་བྱ་གཞག་དེ་སྐས་རིམ་གསར་པའི་ཐོག་འཛེག་ཐུབ་སྙམ།
གསུམ། རང་རྟོགས་ཀྱི་ནུས་པ་གོང་མཐོར་གཏོང་བ་དེས་རང་སྦྱོང་ལ་སྐུལ་མ་ཆེན་པོ་ཐེབས་ཐུབ་པའི་སྐོར།
དགེ་རྒན་གྱིས་སློབ་གཞི་གཞིར་བཟུང་སློབ་ཚན་ཁྲིད་པ་དེ་ཤེས་བྱའི་རྒྱལ་སྒོ་འབྱེད་དེ་ཤེས་བྱའི་ལམ་དུ་ཇི་ལྟར་འགྲོ་ལུགས་བསྟན་པ་ལྟ་བུ་དང་། སློབ་མའི་རང་སྦྱོང་ནི་རང་ཉིད་ཀྱིས་ཤེས་བྱའི་ལམ་དུ་རང་རྐྱ་འཕེར་བའི་ཐོག་ནས་བསྐྱོད་ཐབས་བྱེད་པ་ལྟ་བུ་ཡིན་ཞིང་། དགེ་རྒན་མ་བསྟེན་པར་ཤེས་བྱ་མི་ཐོབ་ལ། རང་སྦྱོང་གི་བརྩོན་པར་མ་བསྟེན་ནའང་འགྲིག་ཐབས་མེད་ཅིང་། རང་སྦྱོང་ཟབ་མོ་བྱེད་པ་དེ་ནི་སློབ་མའི་ཤེས་བྱ་སྦྱོང་བའི་རང་རྟོགས་ནུས་པ་གོང་མཐོར་གཏོང་བ་ཞིག་ཡིན་ཞེས་ཤོད་ཆོག་ལ། སློབ་མར་རང་རྟོགས་ནུས་པ་ལྡན་མིན་དེ་ཡང་རང་སྦྱོང་གི་ནུས་པ་ལྡན་མིན་དང་འབྲེལ་བ་ཡོད་པ་ཞིག་ཡིན། སྤྱིར་ན་རང་སྦྱོང་གང་འདྲ་ཞིག་ཡིན་རུང་སློབ་མར་མཚོན་ན་བསླབ་ཟིན་པའི་ཤེས་བྱ་དེ་རྣམས་རང་བློར་བྱང་ཆུབ་མིན་ལྟ་བ་ལྟ་བུ་དང་བྱང་ཆུབ་ཏུ་གཏོང་བ་ཞིག་ཡིན་མོད། འོན་ཏེ་སློབ་མ་མང་པོ་ཞིག་གིས་དགེ་རྒན་གྱི་སློབ་ཚན་ཉན་རྒྱུ་དེར་དབྱིངས་ཞུགས་པ་ཙམ་མ་གཏོགས་རང་སྦྱོང་ནན་ཏན་མ་བྱེད་པའི་སྣང་ཚུལ་མཐོང་རྒྱུ་ཡོད། དེའང་མ་གཞི་རང་སྦྱོང་བྱེད་རྒྱུ་དེ་བསླབ་ཟིན་པ་ཤ་སྟག་ཡིན་སྟབས་སྦྱོང་མི་འདོད་པར་གྱུར་གྱི་ཡོད་ཀྱང་ཡོངས་སུ་བྱང་མ་ཆུབ་པའི་ཕྱིར། རང་སྦྱོང་ཤུགས་ཆེར་བྱེད་རྒྱུ་དེ་བསླབ་ཟིན་པའི་ཤེས་བྱ་རྣམས་བློའི་གཏིང་དུ་ཚུད་པར་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་རེད། རང་སྦྱོང་བྱེད་པར་སློབ་མར་རང་རྟོགས་ཀྱི་ནུས་པ་ལྡན་མེད་ཕྱིར། རང་སྦྱོང་བྱས་པ་དེ་ཡང་སེམས་ནུས་མ་སྒྲིལ་པར་བྱས་པ་ཞིག་ཏུ་གྱུར་པ་སྟེ། དཔེར་ན། སློབ་མ་འགའ་རེས་དགེ་རྒན་གྱིས་ཉིན་རེ་བསྐུར་བའི་སྦྱོང་ཚན་སློབ་ཕྲུག་གཞན་གྱི་ས་ནས་བཤུ་བ་ལྟ་བུ་ཡིན་ཞིང་། དེ་ལྟར་བཤུས་ཚེ། བཤུ་རིང་ཤུགས་རྐྱེན་ཕྲན་བུ་ཡོད་ན་མ་གཏོགས་རང་ཉིད་ཀྱི་ཀླད་པ་དཀྲུག་པ་ཞིག་མིན་སྟབས་སྐབས་འཕྲལ་བརྗེད་འགྲོ་གི་ཡོད་པས། དེས་ན་དགེ་རྒན་ཚོས་སློབ་མས་ཤེས་བྱར་འཛིན་པའི་ཡང་དག་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་གྱིས་རང་རྟོགས་ཀྱི་ནུས་པ་སྐྱེད་སྲིང་གང་ལེགས་བྱེད་དགོས་ཀྱི་རེད།
ང་ཚོ་དགེ་རྒན་ཚོའི་སློབ་ཁྲིད་ལས་དོན་གྱི་ཁྲོད་ནས་ར་འཕྲོད་ཐུབ་མུས་ལྟར། གལ་ཏེ་སློབ་ཕྲུག་ཅིག་ལ་སློབ་སྦྱོང་ལ་བརྩོན་པའི་རང་རྟོགས་ནུས་པ་ལྡན་ཡོད་ཕྱིར། སྦྱོང་ཚན་འབྲི་རྒྱུ་གཙོ་བོ་བྱས་པའི་རང་སྦྱོང་གི་གྲུབ་འབྲས་ཀྱང་ལེགས་པོ་ཐོན་ངེས་ཤིང་། རང་སྦྱོང་གི་ནུས་པ་ཤུགས་ཆེན་ལྡན་པ་དེས་སློབ་མའི་སྦྱངས་འབྲས་ཡར་ཐོན་ཆེན་པོ་བྱུང་སྟེ་དགེ་རྒན་གྱི་སློབ་ཁྲིད་ལའང་ཡང་གསོས་ཡོང་གི་ཡོད་པས་དེར་བརྟེན་ང་ཚོས་རང་རྟོགས་ནུས་པ་མཐོ་རུ་མ་བཏང་ན་རང་སྦྱོང་གི་ནུས་པ་ཆེ་རུ་འགྲོ་ཐབས་བྲལ་བའི་དོན་དངོས་མཐོང་ཐུབ་པ་བྱས་ཏེ་ཐབས་ལམ་སྣ་མང་གི་ཐོག་ནས་རང་རྟོགས་ནུས་པར་ཤུགས་སྣོན་རྒྱག་དགོས་པ་དང་། དེ་བཞིན་རང་རྟོགས་ནུས་པ་གོང་མཐོར་གཏོང་རྒྱུ་དེ་དགེ་རྒན་ཙམ་མིན་པར་དེའི་འགན་འཁྲི་ནི་ཁྱིམ་བདག་ལའང་ཡོད་པ་ཞིག་ཡིན། མིག་སྔར་ཁྱིམ་བདག་མི་ཉུང་བ་ཞིག་གིས་སློབ་མའི་རང་སྦྱོང་ལ་ལྟ་སྐུལ་ནན་པོ་བྱེད་ཀྱི་ཡོད་ཅིང་། རང་སྦྱོང་ལ་ནན་སྐུལ་བགྱིས་པ་དེས་སློབ་མ་མང་པོ་ཞིག་གིས་རང་རྟོགས་ངང་རང་སྦྱོང་ལེགས་པོ་བྱེད་རྒྱུ་དེ་གོམས་གཤིས་སུ་གྱུར་ནས་སྐབས་འགར་ཁྱིམ་བདག་གིས་ངལ་གསོ་རྒྱག་རྒྱུར་དྲན་སྐུལ་བྱེད་དགོས་པར་གྱུར་གྱི་ཡོད་པས་དེ་ནི་རང་རྟོགས་བློ་རུ་གོམས་པའི་སྣང་ཚུལ་ལེགས་པོ་ཞིག་རེད། སློབ་མའི་ཁྲོད་དུ་རང་སྦྱོང་ཁྲལ་གོ་འཁྱོལ་ཙམ་བྱེད་པ་དང་། སྦྱངས་འབྲས་སྐར་མ་ཁ་ཤས་ཀྱང་འཕར་དཀའ་བ་ཁག་གཅིག་མཐོང་རྒྱུ་ཡོད་པ་དེ་ཚོ་ནི་རིག་སྟོབས་ཞན་པ་དང་། སློབ་ཚན་ནན་གྱིས་མ་ཉན་པ་ཁོ་ན་མིན་པར་རང་རྟོགས་ཀྱི་ནུས་པ་ཞན་པའི་རྐྱེན་བྱས་ཏེ་སྦྱངས་ཚན་ལེགས་པར་མི་འབྲི་བ་དང་། བྲིས་པ་དག་ཀྱང་གཞན་རྟེན་ཡིན་པ་དང་འབྲེལ་བ་ཡོད་པས་དགེ་རྒན་དང་ཁྱིམ་བདག་གིས་གཅིག་རམ་གཅིག་འདེགས་ཀྱིས་སློབ་མའི་རང་རྟོགས་ནུས་པ་གོང་མཐོར་གཏོང་རྒྱུར་གཙིགས་ཆེན་བྱེད་དགོས་ཀྱི་རེད།
གཞན་ཡང་སྤྱོད་ཡོན་ལྡན་པའི་ཤེས་ལྡན་པ་ཞིག་ཆགས་པར་ཤེས་ཡོན་སྦྱོང་བར་རང་རྟོགས་རང་འགུལ་དགོས་པ་ཕུད། དུས་རྒྱུན་དུ་འཚོ་བའི་ཐད་ལའང་རང་རྐྱ་འཕེར་མགྱོགས་སུ་གཏོང་རྒྱུར་ཕྲུ་གུའི་རང་རྟོགས་ནུས་པར་ཤུགས་སྣོན་རྒྱག་དགོས་པ་དེ་རེད། དཔེར་ན། ཁྱིམ་བདག་འགའ་རེས་རང་གི་ཕྲུ་གུས་ཤེས་བྱ་ཡག་པོ་སྦྱོང་རོགས་བྱས་ན་འཚོ་བའི་ཐད་རྗེས་སུ་རང་མགོ་ཐོན་པའི་ངོས་འཛིན་བྱས་ཏེ་རྒྱུན་གཏན་འཚོ་བའི་ནང་ཕྲུ་གུའི་གཟུགས་པོ་ཟད་དོགས་པ་ལྟ་བུའི་གད་ཕྱིད་ཙམ་ཡང་རྒྱག་ཏུ་འཇུག་གི་མེད་སྟབས་སློབ་མ་འགའ་རེ་སློབ་ཆེན་ཐོན་ཡང་ད་དུང་གད་བདར་གཙང་སྦྲ་ཡང་མི་ཤེས་པའམ་ཡང་ན་མི་སྒྱིད་པའི་སྣང་ཚུལ་མཐོང་རྒྱུ་ཡོད་པས་དེ་ནི་འཚོ་བའི་ནང་ཁྱིམ་བདག་གིས་སློབ་མར་རང་རྟོགས་ངང་ལས་ཀ་ཙག་ཙིག་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཉུང་དྲགས་པས་ཡིན་ལ། དགེ་རྒན་གྱིས་ཀྱང་སློབ་ཚན་གྱི་བར་གསེང་དུ་ཁྱིམ་ལས་ཙག་ཙིག་ལའང་སྦྱོང་བརྡར་བྱེད་དགོས་པའི་སློབ་གསོ་གཏོང་རྒྱུ་མ་འདང་བར་རག་ལུས་ཡོད། ཁ་ཆེ་ཕ་ལུའི་འཇིག་རྟེན་བསླབ་བྱའི་ནང་། “ན་སོ་གཞོན་དུས་བུ་ལ་སྦྱོང་བརྡར་གྱིས། ན་སོ་རྒས་དུས་སློབ་དགོས་མེད་པ་གྱིས”ཞེས་པ་དེ་ནི་རིག་གནས་ཤེས་བྱ་ཁོ་ནར་གོ་ན་ཁྱབ་ཆུང་བ་སྟེ། སློབ་ཕྲུག་གི་སློབ་སྦྱོང་དང་འཚོ་བའི་ཐད་ལའང་ཁྱབ་པའི་གོ་བ་བླངས་ཏེ་ལས་ཀ་ཙག་ཙིག་བྱ་རྒྱུ་དེའང་རང་རྟོགས་རང་འགུལ་དུ་འགྱུར་བ་བྱེད་དགོས་ཀྱི་རེད། འོན་ཀྱང་ཞིང་འབྲོག་ཁུལ་གྱི་སློབ་མར་ཆ་མཚོན་ན། ཆུང་དུས་ནས་ལས་ཀ་ཙག་ཙིག་བསྐུལ་བ་དེས་ལས་ཀ་ཙག་ཙིག་བྱེད་རྒྱུ་གོམས་གཤིས་སུ་གྱུར་ཏེ་སློབ་ཚན་རང་སྦྱོང་བྱ་རྒྱུ་ལས་ཁྱིམ་ལས་ཙག་ཙིག་བྱེད་རྒྱུར་དགའ་བ་བྱེད་ཀྱི་ཡོད་པས། ཕ་མས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ཁོང་ཚོའི་རང་རྟོགས་ནུས་པ་དེ་སློབ་ཚན་བསྐྱར་སྦྱོང་སོགས་སློབ་སྦྱོང་ཐོག་ཏུ་འགྱུར་བ་བྱེད་དགོས། གང་ཡིན་ཞེ་ན། ཞིང་འབྲོག་ཁུལ་གྱི་སློབ་ཆུང་ཁག་གཅིག་གིས་དགུན་ཁའི་གུང་གསེང་སོགས་དུས་ཚོད་ཅུང་རིང་བའི་ནང་བསྐུར་བའི་སྦྱོང་ཚན་ལེགས་པོ་འབྲི་གི་མེད་པ་མ་ཟད། སློབ་མ་ཉུང་ཤས་ཀྱི་ཡིག་གཟུགས་ཀྱང་ཇེ་ཞན་དུ་འགྲོ་གི་ཡོད་པས་དེ་ནི་ཁྱིམ་བདག་གིས་སློབ་མས་ངལ་རྩོལ་བྱེད་པའི་སྤྲོ་སྣང་རང་རྟོགས་ལ་མོས་པོ་བྱས་ཏེ་ལས་ཀ་ཙག་ཙིག་མང་པོ་ཞིག་བསྐུལ་བ་དང་འབྲེལ་བ་ཡོད་པ་ཞིག་ལས་མ་འདས། དེར་བརྟེན་ཞིང་འབྲོག་ཁུལ་གྱི་ཁྱིམ་བདག་ལ་བལྟོས་ནས་བཤད་ན། ངེས་པར་དུ་གུང་གསེང་སྐབས་སྦྱངས་ཚན་ལེགས་གྲུབ་བྱ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ནས་རང་སྦྱོང་བྱེད་རྒྱུ་དེ་རང་རྟོགས་ཤིག་ཏུ་འགྱུར་བ་བྱེད་དགོས།
ཁོ་བོས་འདི་གར་སློབ་མའི་རང་རྟོགས་ནུས་པ་གོང་མཐོར་གཏོང་དགོས་ཞེས་ནན་གྱིས་བརྗོད་པ་འདིའི་དམིགས་ཡུལ་ནི་དགེ་རྒན་གྱི་སློབ་ཁྲིད་ལས་བཟོད་ཡང་དུ་གཏོང་ཐབས་ཀྱི་ཆེད་དུ་མ་ཡིན་གྱི། ད་ལྟ་སློབ་གྲྭ་འབྲིང་ཆུང་གི་དུས་ནས་སློབ་མར་སློབ་སྦྱོང་བྱེད་པར་རང་རྟོགས་ཀྱི་ནུས་པ་ལྡན་གྱུར་ཚེ། སྐབས་འདིའི་སྦྱངས་འབྲས་ལེགས་པོ་ཡོང་བར་ཤུགས་རྐྱེན་ངེས་ཅན་ཡོད་པ་ཕུད། སློབ་ཆེན་དུ་སླེབས་རྗེས་རང་འགུལ་གྱིས་ཤེས་བྱ་སྣ་ཚོགས་ལ་ཉམས་ལེན་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་པ་དང་། དེ་བས་ཀྱང་སློབ་གྲྭ་ཐོན་ནས་ལས་གནས་སུ་སླེབས་རྗེས་ཀྱང་ཆུང་བྱིས་པའི་དུས་ནས་གོམས་པའི་སློབ་སྦྱོང་བྱེད་ཐབས་ཀྱི་སྒུལ་ཤུགས་ལས་ཤེས་བྱར་བརྩོན་ཞིབ་བྱེད་རྒྱུ་དེ་མཚམས་མི་འཇོག་མཁན་ཞིག་ཏུ་འགྱུར་ཐུབ་པ་དང་། དེའི་དབང་གིས་སྣ་མང་རྙོག་འཛིང་ཆེ་བའི་འཚོ་བའི་ཉམས་སད་ཐེག་ཐུབ་པ་ཞིག་ཏུ་འགྱུར་ཐུབ་པ་མ་ཟད། ལྗིད་རྫོབ་ཆེ་བའི་ལས་འགན་གང་གི་མདུན་དུའང་ཤེས་རིག་གི་གཤོག་རྩལ་རྒྱས་པའི་ཁྱད་ཆོས་ལ་བརྟེན་ལས་དཀའ་ངལ་ག་ཚོད་འཕྲད་ཀྱང་ཇི་མི་སྙམ་པར་དེ་ལས་རྒྱལ་བའི་བློ་སྟོབས་ལྡན་པར་འགྱུར་ཐུབ་པ་དང་། དཀའ་ངལ་ལས་རྒྱལ་ཐུབ་པའི་སྐྱེ་བོ་ཞིག་ཏུ་འགྱུར་ཐུབ་ལ། དེ་བཞིན་སྤྱི་ཚོགས་ཀྱི་བྱ་གཞག་ཆེ་ཆུང་གང་རུང་སྒྲུབ་པ་ལའང་རང་རྟོགས་ངང་ཞུགས་མཁན་གྱི་སྐྱེ་བོ་བཟང་པོ་ཞིག་ཏུ་འགྱུར་ཐུབ།
མདོར་ན། མིག་སྔར་སློབ་གསོའི་འཐབ་ཕྱོགས་སུ་དགེ་རྒན་གྱི་དཔུང་ཁག་སྔོན་ཆད་དང་བསྡུར་ན་ཧ་ཅང་ཧྲག་པོར་གྱུར་ཡོད་པ་དང་། སྤྱི་ཚོགས་ཧྲིལ་པོས་སློབ་མའི་སློབ་སྦྱོང་ལ་དོ་ཁུར་བྱེད་ཤུགས་སྔོན་ཆད་དང་བསྡུར་ཐབས་མེད་པའི་རྣམ་པ་གསར་པ་ཞིག་ཐོན་ཡོད་མོད། འོན་ཏེ་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཁོ་བའི་ཤེས་ལྡན་མི་སྣའི་མཁོ་ཚད་དང་བསྡུར་ན་ད་དུང་རྒྱང་ཐག་ངེས་ཅན་ཆོད་དེ་མི་རྣམས་འདོད་བློ་ཁེངས་པ་ཞིག་མེད་པས། དེར་བརྟེན་ཤེས་ལྡན་པའི་སྤུས་འབོར་གྱི་ཆེད་དུ་མུ་མཐུད་དགེ་རྒན་ཁྱོན་ཡོངས་ཀྱི་བྱང་ཚད་ལ་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་ཡོད་དོ་ཅོག་གཟེངས་སུ་ཐོན་པའི་སློབ་ཁྲིད་དགེ་རྒན་དུ་འགྱུར་བ་དང་། སློབ་ཕྲུག་ཐམས་ཅད་སློབ་སྦྱོང་བྱ་རྒྱུར་རང་རྟོགས་རང་བཞིན་ལྡན་པའི་ཕུལ་བྱུང་སློབ་མར་འགྱུར་བ་བྱ་ཆེད་འདིར་ཁོ་བོས་དེའི་ཐད་རང་བློར་གང་འཆར་གྲོས་འགོ་ཙམ་དུ་ཕུལ་བས་སློབ་གསོའི་འཐབ་ཕྱོགས་ཀྱི་ལས་དོན་པ་ཚང་མས་དཔྱད་གཞི་གནང་རོགས་ཞུ་རྒྱུ་དང་ཆབས་ཅིག་བགྲོ་གླེང་བྱས་པའི་ནང་ནོངས་པའི་ཆ་མཆིས་པར་བཟོད་དོ་གསོལ་ཞེས་ཞུ་རྒྱུ་དང་བཅས།
(བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཉི་མས)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣