དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལག་ལེན་གྱི་སློབ་ཁྲིད་ལ་ངོ་མཚར་གཤོག་ཟུང་བསྒར་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-03-18

    “ང་ཚོའི་3Dལད་ཟློས་ཡུལ་སྐོར་ཚོད་ལྟ་ཁང་དུ་གློག་ཀླད་ངོས་ཀྱི་མཛེས་ལྗོངས་སློབ་ཁྲིད་མཉེན་ཆས་བསྣན་ན། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་དང་། གྱ་གྱུར་དུ་གནས་པའི་ནོར་བུ་གླིང་ཁ་གཉིས་3Dབརྙན་ཤེལ་ཐོག་མངོན་ནས་སློབ་མ་ཚོས་ཕྱིར་སྐྱོད་མི་དགོས་པར་བརྙན་ཤེལ་གྱི་མདུན་དུ་བསྡད་ནས་སྐབས་བསྟུན་འགྲེལ་བཤད་རྒྱག་ཆོག་གི་ཡོད”ཅེས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་སློབ་གྲྭ་གཉིས་པའི་དྲ་བ་ཁྲུའི་ཀྲུའུ་རེན་ཡུས་ཅེའི་འགྲེལ་བཤད་ཉན་སྐབས་གསར་འགོད་པས་དེ་ནི་དངོས་འབྲེལ་ཡག་པོ་འདུག་སྙམ།

    “གསོ་སྦྱོང་གི་མངགས་ཐོ་དང་། སློབ་གྲྭའི་ནང་བཟོ་གྲྭ་ཡོད་པ། བཟོ་གྲྭའི་ནང་སློབ་གྲྭ་ཡོད་པ”བཅས་ནི་སློབ་གྲྭ་དེའི་སློབ་གཉེར་བྱེད་སྟངས་ཤིག་ཡིན་པ་དང་། བོད་སྨན་བཟོ་བ་དང་། ཤིང་བཟོ་ཤིང་བརྐོས། མི་རིགས་ཀྱི་རི་མོ་འབྲི་བ། ཨར་ཁང་གི་ཞབས་ཞུ། འཚེམ་བཟོ་སོགས་དེང་རབས་ཅན་གྱི་དངོས་སྦྱོང་བཟོ་ཁང་བརྒྱད་དུ་སློབ་མ་ཚོ་དུས་དང་རྣམ་པ་ཀུན་ཏུ་ཤར་གཏོང་བྱས་པའི་དྲ་བ་དང་བྲལ་ཐབས་མེད།

    “ང་ཚོའི་སློབ་གྲྭའི་སློབ་མ་མང་ཆེ་བ་ཞིང་འབྲོག་ཁུལ་ནས་ཡིན་སྟབས་ཁོང་ཚོར་ཆུང་བྱིས་པའི་དུས་ནས་་འབྲེལ་འདྲིས་བྱེད་པའི་ཅ་དངོས་དེ་ཙམ་མང་པོ་མེད་སྟབས་དྲ་བ་ཤར་གཏོང་བྱས་ནས་སློབ་ཁྲིད་བྱས་ན་དུས་ཚོད་གྲོན་ཆུང་དང་ཕན་འབྲས་ཆེ་བ་མ་ཟད། དོན་དངོས་དང་བྲལ་བའི་ཅ་དངོས་དེ་དག་ཀྱང་གསོན་ཉམས་ལྡན་ལ་ཞིབ་ཅིང་ཕྲ་བས་སློབ་ཁྲིད་བྱེད་ཐེངས་གཅིག་གིས་སློབ་མ་ཚོའི་ལྟ་འདོད་ལ་ཉན་སྤྲོ་བའི་བསམ་བློ་སྐོང་འཐེན་བྱེད་ཐུབ་ལ། སློབ་མ་ཚོའི་སློབ་སྦྱོང་བྱེད་སེམས་ཆེ་རུ་དང་ཁོང་ཚོའི་མིག་རྒྱང་ཡངས་སུ་ཕྱིན་ཡོད། དྲ་བ་ཤར་གཏོང་བྱས་པ་དེ་ནི་དངོས་འབྲེལ་ང་ཚོའི་ལག་ལེན་གྱི་སློབ་ཁྲིད་ལ་ངོ་་མཚར་གཤོག་ཟུང་བསྒར་བ་ཞིག་རང་རེད”ཅེས་ཨར་ཁང་ཞབས་ཞུའི་ཆེད་ལས་ཀྱི་དགེ་རྒན་ཀྲོའུ་ལགས་ཀྱིས་གསར་འགོད་པར་བཤད།

    མིག་སྔར་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་སློབ་གྲྭ་གཉིས་པར་རྩིས་རྒྱག་འཕྲུལ་འཁོར་གྱི་སློབ་ཁང་16ཡོད་པ་དང་། སློབ་ཁང་རེར་སློབ་ཕྲུག་40ཤོང་གི་ཡོད། གློག་རྡུལ་དཔེ་གཟིགས་ཁང་དུ་སློབ་ཕྲུག་100ཡིས་དུས་གཅིག་ཏུ་དྲ་བར་ཞུགས་ནས་དཔེ་དེབ་ལྟ་ཀློག་བྱེད་ཆོག་གི་ཡོད། སློབ་གྲྭའི་དྲ་བ་ཤར་གཏོང་གི་མཁྲེཌ་ཆས་ནི་ལྗོངས་ནང་ཁུལ་གྱི་རྩེར་སོན་ཡིན་པ་རེད།

    དྲ་བ་ཤར་གཏོང་བྱས་ནས་སློབ་ཁྲིད་བྱས་པ་དེས་ལས་རིགས་སློབ་གྲྭས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད། “ང་ཚོའི་སློབ་ཐོན་འཛིན་གྲྭ་གཉིས་ཀྱི་སློབ་མ་རྣམས་ཧྲེན་ཀྲེན་ནས་དངོས་སྦྱོང་བྱས་ཏེ་ཚུར་ལོག་རྗེས་མི་སྤྱོད་ཚན་པས་ཁོང་ཚོར་གདེང་འཇོག་ཧ་ཅང་ཡག་པོ་བྱེད་ཀྱི་འདུག་ལ་སློབ་མ་འགའ་ཤས་ལག་རྩལ་བྱང་ཆུབ་པས་མི་སྤྱོད་ཚན་པས་ཧབ་ཐོབ་རྒྱག་གི་ཡོད། དེ་དག་ཚང་མ་ནི་ང་ཚོའི་དྲ་བ་ཤར་གཏོང་བྱས་ནས་སློབ་ཁྲིད་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་རྒན་ཡུས་ཅེ་ལགས་ཀྱིས་སྤོབས་སེམས་ཆེན་པོས་གསར་འགོད་པར་བཤད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།