དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆུ་ཤིང་བསྟན་བཅོས་བསླབ་བྱ་གཅེས་བཏུས། ( ༢ )

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-16

    རང་གཞན་སུ་ལའང་མི་ཕན་པའི།།

    ནོར་དེ་མེད་པ་ཉིད་དང་མཚུངས།།

    ཆུ་མེད་ས་གཞི་རྒྱ་ཆེ་ཡང་།།

    མྱ་ངམ་ཐང་ཞེས་ཀུན་གྱིས་འདོར།།


    དཔག་བསམ་ཤིང་ལ་བརྟེན་བྱས་ན།།

    དགོས་འདོད་ཐམས་ཅད་ཆར་དུ་བསྙིལ།།

    དེ་བཞིན་བཤེས་གཉེན་དམ་པ་ལ།།

    བརྟེན་ན་ལེགས་ཚོགས་ལྷུན་གྱིས་གྲུབ།།

    TB2XUmUaXXXXXXIXXXXXXXXXXXX-51404088.jpg

    ཁ་བཤད་མང་ངམ་ཉུང་ཡང་རུང་།།

    དགོས་དོན་ལག་ཏུ་བླངས་ན་གོ།།

    ཆུ་ཞེང་ཆེ་ཆུང་ཅི་འདྲ་ཡང་།།

    ཟབ་དང་མི་ཟབ་བརྒལ་ན་ཤེས།།


    བཤེས་ལ་མི་གུས་སྐྱེ་བོ་དེས།།

    གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར།།

    ཤིང་སྐམ་ལོ་བརྒྱ་ཆུར་འཕངས་ཀྱང་།།

    ལོ་འདབ་སྐྱེ་བ་སྲིད་ན་མེད།།   


    W020131113462466157035.jpg

    བསམ་ཚད་ཁ་རུ་འདོན་པ་དེར།།

    གཏད་ས་མེད་ཅེས་ཀུན་གྱིས་བརྙས།།

    ཤག་ཤག་འབབ་པའི་ཆུ་བོ་ལ།།

    བྱིས་པ་རྣམས་ཀྱང་བརྒལ་བར་བྱེད།།


    བསླབ་སྦྱངས་དུས་ན་གཡེལ་བ་དེས།།

    མཁས་འདོད་རེ་བ་འབྲས་མེད་ཡིན།།

    མེ་ཏོག་སད་ཀྱིས་ཁྱེར་བ་ཡི།།

    ཤིང་ལ་འབྲས་བུའི་རེ་བ་མེད།།


མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།