དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྔ་དེང་གི་བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་སྒྱུར་སྐོར་མདོ་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-13

    ཡིག་སྒྱུར་ནི་རིག་གནས་ནང་འདྲེན་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཡིན་ཞིང་། ཡིག་སྒྱུར་སྤུས་ཚད་ལེགས་ཉེས་ཀྱིས་སྒྱུར་རྩོམ་ལ་མྱོང་རོལ་བྱེད་མཁན་མི་རིགས་གང་དེས་ཕྱི་ཕྱོགས་ཀྱི་རིག་གནས་དེ་དང་ལེན་དང་མྱོང་རོལ་བྱེད་པའི་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། བོད་ཀྱི་བརྙན་འཕྲིན་འཁྲབ་ཚན་བོད་འགྱུར་མ་ནི་ལོ་རབས་ཉི་ཤུ་པའི་དུས་རབས་བརྒྱད་ཅུའི་དུས་འགོ་ནས་འགོ་བརྩམས་པ་ཞིག་ཡིན་ཞིང་། སྐབས་དེའི་ནང་ཐོན་པའི་འཁྲབ་ཚན་འགྱུར་མ《གཡོག་མོ》ཞེས་པ་དང་། 《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ཞེས་པ། 《ཅི་ཀུང》ཞེས་པ་སོགས་ཀྱིས་དུས་སྐབས་དེའི་ནང་གི་མང་ཚོགས་ཚོར་བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་བྱས་ཡོད་ལ། མང་ཚོགས་ཀྱི་དགའ་བསུ་ཡང་ཆེན་པོ་ཐོབ་ཡོད། འདིར་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་འདས་དང་ད་ལྟའི་ཐོག་ནས་འཁྲབ་ཚན་ཡིག་སྒྱུར་གྱི་དགོས་མཁོའི་རང་བཞིན་ཅུང་ཞིག་གླེང་བར་འདོད།

    དང་པོ། དེ་སྔའི་བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་སྒྱུར་ལ་ལྟ་བ།

    གོང་དུ་གླེང་བ་བཞིན་བོད་ཀྱི་འཁྲབ་གཞུང་ཡིག་སྒྱུར་གྱི་ངོས་ནས་བཤད་ན། བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་དངོས་སུ་མ་བྱས་གོང་། བོད་རིགས་རང་གི་འཚོ་བ་བརྗོད་བྱར་བྱས་པའི་《བྲན་གཡོག》ཅེས་པ་གློག་བརྙན་འཁྲབ་གཞུང་འགྱུར་མ་བྱུང་ཡོད་པ་དང་། གློག་བརྙན་གྱི་འཁྲབ་གཞུང་དེ་ནི་བོད་རིགས་རང་གི་འཚོ་བ་བརྗོད་བྱར་བྱས་པ་ཞིག་ཡིན་པས། གཟིགས་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད། དེ་ཡང་གློག་བརྙན་འཁྲབ་གཞུང་ལ་གཟིགས་མོ་བས་དགའ་བསུ་ཐོབ་ཚུལ་ཐད་ནས་བལྟས་ན། དེ་ནི་གཅིག་ནས་འཁྲབ་གཞུང་གི་ནང་དོན་གྱིས་ཐག་བཅད་པ་ཞིག་ཡིན་ལ། གཉིས་ནས་འཁྲབ་གཞུང་དེའི་ཡིག་སྒྱུར་གྱི་སྤུས་ཚད་ཀྱིས་རམ་འདེགས་ཀྱི་ནུས་པ་ཐོན་པ་ཞིག་ཀྱང་རེད། གློག་བརྙན་འགྱུར་མ《བྲན་གཡོག》ཅེས་པ་སྟོན་པའི་རྗེས་སུ་རིམ་བཞིན་བརྙན་འཕྲིན་འཁྲབ་ཚན《གཡོག་མོ》ཞེས་པ་དང《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ལ་སོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་ནས་རིག་གནས་འཚོ་བའི་བསམ་པའི་རྒྱགས་ཕྱེས་དབུལ་བའི་སྐབས་དེའི་བོད་ཀྱི་རྒྱ་ཆེའི་གཟིགས་མོ་བ་ཚོར་བསམ་པའི་ལོངས་སྤྱོད་གྱ་ནོམ་པ་ཞིག་བཤམས་ཡོད། སྐབས་དེའི་བོད་འགྱུར་འཁྲབ་གཞུང་ངམ་འཁྲབ་ཚན་ལ་འདི་ལྟར་གཟིགས་མོ་བས་མཉེས་པོ་གནང་དོན་ནི་ཕལ་མོ་ཆེ་ཡིག་སྒྱུར་གྱི་བྱས་རྗེས་ལ་རག་ལུས་པ་ཞིག་ཡིན།

    (1)ལོ་རབས་བརྒྱད་ཅུ་དགུ་བཅུ་པའི་ནང་ཐོན་པའི་གློག་བརྙན་ནམ་བརྙན་འཕྲིན་འཁྲབ་ཚན་གྱི་ལོ་ཙཱ་བའི་ངོས་ནས་བཤད་ན། ཁོང་རྣམ་པ་མང་ཆེ་བ་སྤྱིར་ན་བོད་ཀྱི་རྒྱུན་སྲོལ་རིག་གནས་ལ་མྱོང་ཆ་ཆེ་ལ། དེང་རབས་རྒྱ་བོད་སྐད་ཡིག་ལའང་བྱང་ཆ་ལྡན་པའི་དཔུང་ཁག་ཅིག་ཡིན་པས། ཁོང་རྣམས་ལ་ལྡན་པའི་ཆ་རྐྱེན་དེ་དག་ནི་རྒྱ་ཆེའི་གཟིགས་མོ་བ་ཚོས་ཁོང་རྣམས་ཀྱི་འཁྲབ་ཚན་འགྱུར་མ་དག་ལ་མཉེས་པོ་བྱེད་པའི་རྒྱུ་མཚན་གཙོ་བོ་གཅིག་ཡིན་པར་སྙམ། དེ་ཡང་འཁྲབ་ཚན་འགྱུར་མ་དེ་ཚོའི་ནང་དཔེར་ན། 《གཡོག་མོ》ཞེས་པའི་འཁྲབ་ཚན་དེའི་བརྗོད་བྱ་ནི་མེ་གླིང་ལྷོ་མའི་རྒྱལ་ཁབ་པ་ཙེར་གྱི་བྲན་གཡོག་སྤྱི་ཚོགས་ཀྱི་སྣང་ཚུལ་སྟོན་པ་ཞིག་ཡིན་ཞིང་། དེ་ཚོའི་ནང་དོན་དེ་དག་དེ་སྔའི་བོད་ཀྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཚོ་བའི་ནང་དོན་དང་ཆ་མཚུངས་པ་མང་པོ་ཞིག་ཡོད་པས། ཞིང་བྲན་སྤྱི་ཚོགས་ལ་རྒྱུས་མངའ་རོབ་ཙམ་མེད་ཚེ། འཁྲབ་ཚན་དེ་རིགས་སྙན་འཇུག་མཐུན་གསུམ་གྱི་སྒོ་ནས་རྒྱ་ཆེའི་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་ཇི་ལྟར་གཤམ་ཐུབ། དེ་དང་གཅིག་མཚུངས་སུ《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ཞེས་པའི་འཁྲབ་ཚན་འགྱུར་མ་དེའང་། སྤྱིར་ན་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བརྡ་དོན་གང་ཅིར་རྒྱུས་མངའ་དེ་ཙམ་མེད་ཚེ། བོད་སྐད་རང་གི་ལམ་ནས་འཁྲབ་སྟོན་བྱས་པ་བཞིན་གྱི་འཁྲབ་ཚན་དེ་དག་ཇི་ལྟར་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་བཤམས་ཐུབ། དེ་འདྲའི་འཁྲབ་གཞུང་བསྒྱུར་བ་ལ་འཁྲབ་གཞུང་དེ་འདྲ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཤེས་རྟོགས་ཅུང་ཟད་མེད་ན་འགྱུར་མ་དེ་འདྲའི་སྤུས་ལེགས་ཤིག་ཡོང་དཀའ།

    (2)དེ་ལྟར་གོང་དུ་བརྗོད་པ་བཞིན་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ཁྲོད་སྔ་རབས་ལོ་ཙཱ་བར་བྱང་ཚད་འདི་འདྲ་ལྡན་པ་ཕུད། འཁྲབ་ཚན་སྒྲ་སྦྱོར་བ་ཚོའི་ངོས་ནས་བཤད་ནའང་ཁོང་ཚོར་བོད་སྐད་རྣལ་མའི་བྱང་གོམས་ངེས་ཅན་ཞིག་ཡོད། དཔེར་ན་འཁྲབ་ཚན་འགྱུར་མ་ཞིག་སྒྲ་སྦྱོར་བྱེད་པའི་སྐབས་འཁྲབ་ཚན་བསྒྱུར་མཁན་ལོ་ཙཱ་བས་འཁྲབ་ཚན་གྱི་རྣམ་པ་དང་ནང་དོན་ལ་འཕྱུགས་པ་མེད་པ་ཞིག་ཡིག་སྒྱུར་བྱས་ཡོད་ནའང་། འཁྲབ་ཚན་དེ་དག་དངོས་སུ་སྒྲ་སྦྱོར་བ་ཚོས་བོད་སྐད་ཀྱི་ལམ་ནས་སྒྲ་སྦྱོར་བྱེད་པའི་སྐབས་། སྐད་ཆའི་རིང་ཐུང་དང་ནང་དོན་གྱི་མཚོན་སྟངས་ཐད་ནས་སྐབས་བསྟུན་བསམ་གཞིག་གིས་ལོ་ཙཱ་བས་བསྒྱུར་ཟིན་པའི་ནང་དོན་ཁག་གཅིག་ལ་སྣོན་འཕྲི་སྤོར་གཅོག་གང་འཚམ་བྱེད་དགོས་པས། དེའི་སྐབས་སྒྲ་སྦྱོར་བ་ཚོའི་བྱང་གོམས་ཀྱི་གཏིང་ཤུགས་ལ་འགྲན་སློང་ཆེན་པོ་ཞིག་འཕྲད་ཀྱི་ཡོད། བོད་སྐད་རྣལ་མའི་ཐད་བྱང་གོམས་དེ་ཙམ་མེད་ཚེ། དཔེར་ན། འཁྲབ་ཚན་འགྱུར་མ་དེ་ཚོའི་ནང་ཐོན་པའི་ཐ་སྙད(太阳)དེ་ཚོ(ཉི་མ་དམར་པོ)ཞེས་འདི་ལྟར་བསྒྱུར་ན་བཞད་གད་ཀྱི་རྒྱུ་རུ་འགྱུར་སྲིད་པས། སྒྲ་སྦྱོར་བས་དེ་བསྟུན་གྱིས་བོད་རིགས་ཀྱི་རང་སྐད་ཀྱི་འབོད་སྟངས་དང་བསྟུན་ནས(ཉི་མ་སེར་པོ)ཞེས་པ་འདི་ལྟར་སྐད་སྒྱུར་བྱས་པས་བབ་ཆགས་ལ་དོན་ལ་གནས་པ་ཞིག་ཡོང་གི་ཡོད། དེས་ན་འཁྲབ་ཚན་འགྱུར་མ་ཁག་ནང་ལོ་ཙཱ་བས་གལ་ཆེའི་གནས་བབ་བཟུང་བའི་ཐོག ལོ་ཙཱ་བྱས་པའི་དོན་རྣམས་མཐུན་འཇུག་སྙན་གསུམ་གྱི་སྒོ་ནས་སྒྲ་ལམ་དུ་ཕབ་སྐབས་འཁྲབ་ཚན་སྒྲ་སྦྱོར་བ་ཚོས་བཏོན་པའི་ནུས་རྩལ་དེའང་ཧ་ཅང་ཆེན་པོ་ཡིན་པ་རེད།

    (3) བརྙན་འཕྲིན་འཁྲབ་ཚན་སྒྱུར་མཁན་དང་སྒྲ་སྦྱོར་བའི་འགན་སེམས་ངོས་ནས་བཤད་ན། སྐབས་དེ་དུས་ད་ལྟ་ནང་བཞིན་བསྒྱུར་བྱའི་འཁྲབ་གཞུང་འབེལ་པོ་དེ་ཙམ་མེད་ལ། འཁྲབ་ཚན་ཡིག་སྒྱུར་དང་སྒྲ་སྦྱོར་བྱེད་པའི་སྐབས“མང་པོ་གཅིག་ཏུ་འདུས་པ་ན། མི་འགྲུབ་པ་ཡི་བྱ་བ་མེད”ཅེས་པ་ལྟར་ཕན་ཚུན་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ལས་དོན་ལེགས་གྲུབ་བྱེད་ཐབས་བྱེད་པ་ནི་དེ་འདྲའི་ཐབས་བཟང་ཞིག་དང་ཡིག་བསྒྱུར་བྱ་བའི་ལེགས་གྲུབ་ཀྱི་རྨང་གཞི་ཞིག་ཏུ་སོང་།

    གཉིས་པ། ད་ལྟའི་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ལ་ལྟ་བ།

    གཅིག་ནས་གཉིས་སུ་གྱེས་པའི་ལྟ་སྟངས་ཀྱི་ཐོག་ནས་བྱ་དངོས་ཤིག་ལ་དབྱེ་ཞིབ་བྱས་ཚེ། བྱ་དངོས་དེར་དགེ་དང་སྐྱོན་ཀྱི་ཆ་མང་པོ་ཞིག་མཐོང་དུ་ཡོད་པ་ནི་དངོས་པོའི་ཆོས་ཉིད་ཅིག་ཏུ་སེམས། དེ་ཡང་དཔེར་ན་གོང་དུ་གླེང་བ་བཞིན་སྔ་རབས་ཀྱི་གློག་བརྙན་དང་འཁྲབ་ཚན་འགྱུར་མའི་སྐོར་ནས་ཞུས་ན་འཁྲབ་ཚན་འགྱུར་མ་དེ་དག་གི་སྤུས་ཚད་ཀྱི་ཆ་ལ་དགེ་མཚན་མང་པོ་ཞིག་མཐོང་དུ་ཡོད་ནའང་། འབོར་ཚད་ཀྱི་ཐད་ནས་ད་ལྟ་ནང་བཞིན་ཀྱི་འབོར་གྲངས་དེ་ལྟར་ཐོན་མེད་ལ། སྐབས་དེའི་འཁྲབ་ཚན་འགྱུར་མ་དག་གིས་གཟིགས་མོ་བ་ཚོའི་སྐོམ་པ་ཆུ་འདོད་ལྟ་བུའི་རིག་གནས་འཚོ་བའི་དགོས་མཁོ་ཡང་རྦད་དེ་བསྐངས་ཐུབ་མེད་པ་ནི་མངོན་སུམ་ཡིན། དེང་གི་ཆར་འཁྲབ་ཚན་འགྱུར་མ་དག་ཆར་རྗེས་ཀྱི་སྨྱུག་མ་རྒྱས་པ་བཞིན་གཅིག་མིན་གཉིས་མིན་དུ་ཐོན་པ་དང་། དེའི་འབོར་གྲངས་ཀྱི་ཐད་ལའང་ཐོད་བརྒལ་ཆེན་པོ་བྱུང་ཡོད། ཡིན་ནའང་དེ་དང་དུས་མཚུངས་སུ་འཁྲབ་ཚན་འགྱུར་མ་དེ་ཚོའི་སྤུས་ཚད་ཀྱི་ཐད་ལ་མི་འདང་བའི་ཆ་ཐོན་བཞིན་ཡོད་པ་རེད།

    (1)བརྙན་འཕྲིན་འཁྲབ་ཚན་སྒྱུར་མའི་འགྱུར་ལྡོག་གླེང་བ་ཡིན་ན། ཁྲོམ་རའི་དཔལ་འབྱོར་གྱི་འདུ་ལོང་དང་བསྟུན་ནས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། བརྙན་འཕྲིན་གྱི་བྱ་གཞག་དེ་ཡང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་སྟེ། བོད་སྐད་བརྙན་འཕྲིན་གྱི་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། བོད་ཀྱི་བརྙན་འཕྲིན་འཁྲབ་ཚན་གྱི་ཡིག་སྒྱུར་བྱ་གཞག་དེ་ལ་ཡང་སྔར་དང་མི་འདྲ་བའི་འཕེལ་རྒྱས་གསར་པ་བྱུང་ནས་དེང་གི་སྐབས་སུ་མི་སེར་གྱི་འཚོ་བ་མཚོན་པ་དང་། ལོ་རྒྱུས་ཀྱི་དངོས་དོན་མཚོན་པ། སྤྱི་ཚོགས་ཀྱི་འཕོ་འགྱུར་མཚོན་པ་སོགས་བརྙན་འཕྲིན་འཁྲབ་ཚན་འགྱུར་མ་མང་དག་ཅིག་རྒྱ་ཆེའི་གཟིགས་མོ་བའི་སྤྱན་ལམ་དུ་བཤམས་ཡོད་ལ། དེ་ཚོས་མང་ཚོགས་ཀྱི་རིག་གནས་འཚོ་བ་དེ་ཡང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དེང་གི་ཆར་བརྙན་འཕྲིན་འཁྲབ་ཚན་འགྱུར་མ་《བོད་ཀྱི་གསང་སྒྲུང》ཞེས་པ་དང《ལྷ་བརྐོས་རྡོ་རིང་གསེར་གྱི་མེ་ལོང》ལ་སོགས་པའི་ཕུལ་བྱུང་བརྙན་འཕྲིན་འཁྲབ་ཚན་འགྱུར་མ་མང་པོ་ཞིག་ཐོན་ཡོད་ཅིང་། ལྷག་པར་དུ་བོད་མི་རང་གི་འཚོ་བ་མཚོན་པའི་བརྙན་འཕྲིན་འཁྲབ་ཚན་འགྱུར་མ་མང་དག་ཅིག་ཐོན་པ་དེ་ཚོས་མང་ཚོགས་ཚོར་རང་མི་རིགས་ཀྱི་ལོ་རྒྱུས་གོམས་སྲོལ་སོགས་ལ་ལྟ་བའི་མིག་གསར་པ་ཞིག་སྦྱིན་ཡོད། བརྙན་འཕྲིན་འཁྲབ་ཚན་འགྱུར་མའི་དེ་ལྟ་བུའི་འཕོ་འགྱུར་ལ་བལྟས་ཚེ། སྔར་དང་བསྡུར་ན་དེ་ནི་གནམ་ས་བླ་འོག་གི་འཕོ་འགྱུར་ཞེས་བརྗོད་ཀྱང་མི་འཚམ་པ་མེད་པ་ཞིག་རེད།

    (2)བརྙན་འཕྲིན་འཁྲབ་ཚན་འགྱུར་མའི་ཡིག་སྒྱུར་སྤུས་ཚད་ཆ་ལ་དོ་སྣང་བྱེད་དགོས་པའི་ཆ་མང་པོ་ཞིག་ཡོད་དེ། བོད་མིའི་འཚོ་བའི་ནང་གི་རྒྱུན་སྤྱོད་ཀྱི་ཐ་སྙད་གང་མང་མང་བེད་སྤྱོད་གཏོང་དགོས་པ་དང་། བོད་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་མཐུན་པའི་ཐ་སྙད་སྤྱོད་དགོས་པ་། དེ་བཞིན་ཁྲོམ་སྲང་གི་སྐད་ཆ་ཁུངས་ལུང་མེད་པ་སྤྱོད་རྒྱུ་མེད། དེང་དུས་ཀྱི་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་མཁན་གྱི་ལོ་ནའི་ཐོག་ནས་བཤད་ན་ད་ལྟ་ཡིག་སྒྱུར་མཁན་གྱི་དཔུང་ཁག་དེ་དར་གཞོན་ལོ་ཙཱ་བའི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ཁོང་ཚོའི་འཚོ་བའི་མྱོང་གོམས་དང་སྐད་གཉིས་ཀྱི་བྱང་ཚད་ཐད། དེ་སྔའི་ལོ་ཙཱ་བ་རྒན་གྲས་དག་དང་བསྡུར་བ་ཡིན་ན་ཧེ་བག་ཡོད། ཡིག་སྒྱུར་ནི་སྐད་རིགས་གཉིས་སྤོ་སྒྱུར་གྱི་གསར་རྩོམ་བྱ་བ་ཞིག་ཡིན། དེང་དུས་གཞོན་ནུ་ལོ་ཙཱ་བ་ཚོས་མང་ཚོགས་ཀྱི་གསོན་ཉམས་དོད་ལ་དོན་ལ་གནས་པའི་སྐད་ཆར་སློབ་སྦྱོང་མང་ཙམ་བྱེད་པ་དང་། དེ་དང་ཕྱོགས་མཚུངས་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་མང་ཚོགས་ཀྱི་འཚོ་བའི་ཁྲོད་སྤྱོད་པའི་ཐ་སྙད་མང་པོ་ཞིག་ཀྱང་སྔར་ཡོད་དེང་སྤྱོད་བྱ་དགོས། དེ་བས་གལ་ཆེ་བ་ཞིག་ནི་འཁྲབ་ཚན་ཡིག་སྒྱུར་ལོ་ཙཱ་བའི་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན།

    མདོར་བསྡུས་ནས་བཤད་ན། དེང་གི་འཁྲབ་ཚན་འགྱུར་མའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ན། གཅིག་ནས་འཁྲབ་ཚན་ཁག་གི་ཡིག་སྒྱུར་སྤུས་ཚད་ཐད་ཆེད་དམིགས་སྤུས་ཚད་ལྟ་སྐུལ་ཚན་ཁག་བཙུགས་ནས་ཡིག་སྒྱུར་སྤུས་ཚད་ལ་ལྟ་སྐུལ་བྱེད་པ་དང་། ཚད་མ་ལོངས་པའི་འཁྲབ་ཚན་སྒྱུར་མ་ཐོན་ཚེ་བསྐྱར་དུ་བཟོ་བཅོས་བྱེད་དུ་འཇུག་དགོས་པ་དང་གཅིག དེ་འདྲའི་རྨང་གཞིའི་ཐོག་ཆེད་མངགས་སྒྱུར་རྩལ་ལེགས་པའི་ལོ་ཙཱ་བ་ཆེད་འདེམས་ཀྱིས་སྦྱོང་བརྡར་སྤྲད་ནས་འབྲེལ་ཡོད་ཚན་པས་བརྙན་འཕྲིན་འཁྲབ་ཚན་སྒྱུར་མཁན་གྱི་ལག་ཁྱེར་སྤྲོད་པ་དང་གཉིས། དེ་བཞིན་བརྙན་འཕྲིན་འཁྲབ་ཚན་སྒྱུར་མཁན་གྱི་དཔུང་ཁག་ལ་དུས་ཚོད་ངེས་མེད་ཀྱིས་བརྙན་འཕྲིན་ཡིག་སྒྱུར་དང་མཐུན་པའི་ཡིག་སྒྱུར་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཁོང་ཚོའི་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། དེ་དང་ཆབས་ཅིག་ཁོང་ཚོར་མང་ཚོགས་ཀྱི་སྐད་ཆ་མང་ཙམ་སློབ་སྦྱོང་བྱེད་པར་བསྐུལ་བ་དང་གསུམ་བཅས་ནི་དེང་རབས་བརྙན་འཕྲིན་ཡིག་སྒྱུར་བའི་འགྱུར་མའི་སྤུས་ཚད་དང་སྒྱུར་མཁན་གྱི་ཆུ་ཚད་ཇེ་ལེགས་སུ་གཏོང་བའི་ཐབས་ཤིག་རེད་སྙམ་མོ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།