མི་ཞིག་གི་མི་ཚེ་དེ་ཁང་པ་ལྟ་བུ་ཞིག་ལ་དཔེ་བཞག་ན་སློབ་གྲྭ་འབྲིང་ཆུང་གི་དུས་ནི་རྩིག་རྨང་འདིང་བའི་སྐབས་དང་མཚུངས་པ་དང་། རྩིག་རྨང་ཡག་པོ་ཞིག་འདིང་ཐུབ་མིན་དེ་ཁང་པ་དེ་བརྟན་པོ་དང་ཡག་པོ་ཡོང་མིན་དང་འབྲེལ་བ་ཆེན་པོ་ཡོད་པ་ལྟར། སློབ་གྲྭ་འབྲིང་ཆུང་སྐབས་རིག་གནས་ཀྱི་རྨང་གཞི་ལེགས་པོ་ཞིག་འདིང་རྒྱུ་ནི་སླད་ཕྱིན་སློབ་མ་དེའི་སྦྱངས་འབྲས་ཇི་ཡོང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེས་ན་སློབ་གྲྭ་འབྲིང་ཆུང་སྐབས་ཤེས་ཡོན་ཡག་པོ་བསླབ་རྒྱུ་ཙམ་མ་ཟད། ཡང་སྒོས་མིང་ཚིག་གམ་ཐ་སྙད་གང་མང་བློ་ལ་ངེས་ན་ཕྱིས་བྱུང་རྩོམ་ཡིག་འབྲི་བར་ཕན་པ་ཆེན་པོ་ཐོབ་སྲིད།
སློབ་འབྲིང་བོད་ཡིག་སློབ་ཁྲིད་ནང་རྩོམ་ཡིག་སློབ་ཚན་གྱི་གྲངས་ཚད་ཀྱིས་ཧ་ལམ་སློབ་དེབ་ཧྲིལ་པོའི་ཕྱེད་ཙམ་ཟིན་གྱི་ཡོད། རྩོམ་ཡིག་ལེགས་པོ་ཞིག་འབྲི་བར་མིང་ཚིག་ཕུན་སུམ་ཚོགས་པོ་དགོས་པས། མིང་ཚིག་ནི་རྩོམ་ཡིག་ཅིག་འབྲི་བར་འཛོམས་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། ཡིན་ནའང་དུས་རྒྱུན་གྱི་སློབ་ཁྲིད་བརྒྱུད་རིམ་ནང་དགེ་རྒན་ཕལ་མོ་ཆེས་མིང་ཚིག་ལ་འགྲེལ་བཤད་རགས་པ་ཙམ་དང་ངག་ལ་འཛིན་དུ་འཇུག་པ་ཙམ་ལས། གསལ་འགྲེལ་དེ་ཙམ་ཞིབ་མོ་བྱེད་ཀྱི་མེད། གལ་ཏེ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་མིང་ཚིག་འཆད་ཁྲིད་ལ་མཐོང་ཆེན་བྱས་ཚེ་སློབ་མའི་ཤེས་ཚད་ཙམ་མ་ཟད་ཕྱོགས་གང་ཅིའི་ནུས་པ་གོང་མཐོར་འགྲོ་རྒྱུར་ཕན་ནུས་ཆེན་པོ་ཐོན་ངེས་ཡིན།
དང་པོ། མིང་ཚིག་སློབ་ཁྲིད་དང་སློབ་མའི་དག་ཆའི་དབར་ལ་འབྲེལ་བ་ཟབ་པོ་ཡོད།
དེ་ཡང་མིང་དུ་འདོགས་པར་མ་བྱས་ན། འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར། དེ་བས་རྨོངས་པ་སེལ་བའི་ཕྱིར། མགོན་པོས་མིང་དུ་གདགས་པར་མཛད་ཅེས་པ་ལྟར་མིང་ཅེས་པ་ནི་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་དེ་མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་མིང་གི་མཚན་ཉིད་ཡིན་པ་དང་མིང་ལ་དབྱེ་ན་དངོས་མིང་དང་བཏགས་མིང་གཉིས་ཡོད། ཚིག་ཅེས་པ་ནི་དོན་གྱི་ངོ་བོ་དང་ཁྱད་པར་སྦྱར་ནས་སྟོན་པའི་སྒྲ་ལ་བརྗོད། རྒྱུན་གཏན་སློབ་མ་རྣམས་ཀྱིས་དག་ཡིག་སློབ་ཚན་ནང་གི་མིང་ཚིག་རྣམས་ཨུ་ཚུགས་ཀྱིས་ངེས་ཀྱང་བག་ཆགས་ཟབ་པོ་དང་ཡིད་དབང་འཕྲོག་པའི་ནུས་པ་མི་ལྡན་པ་མ་ཟད། ཡང་སྒོས་དེ་དག་རྐྱང་པར་གྱུར་པ་དང་རེངས་པོར་གྱུར་པའི་དབང་གིས་བློ་ལ་ངེས་རྒྱུར་དཀའ་ངལ་ཡོད། འོན་ཏེ་རྩོམ་ཡིག་སློབ་ཚན་ནང་གི་མིང་ཚིག་དག་ནི་སྐད་ཆ་ཆ་ཚང་ལ་རོ་བཅུད་ལྡན་པ་དང་། དོན་གྱི་མཚོན་ཤུགས་ཆེ་ཞིང་སྙན་འཇེབས་ལྡན་པའི་སྐད་ཆ་ཤ་སྟག་ཡིན་པས། གལ་ཏེ་དགེ་རྒན་གྱིས་མིང་ཚིག་གསར་པ་དག་རྒྱུན་དུ་དཔོད་བྲིས་མང་ཙམ་གཏོང་བ་དང་རྒྱས་བཤད་ཕྲན་བུ་བྱས་ན། མིང་ཚིག་གི་དོན་འགྲེལ་ཚེགས་མེད་དུ་ཤེས་ཐུབ་ལ་དག་ཆ་ཡང་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་དབུས་སུ་འཕྲལ་མར་ངེས་ཐུབ་པའི་ཁྱད་ཆོས་ལྡན། དཔེར་ན། ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་གིས་མཛད་པའི《ས་སྐྱ་ལེགས་བཤད》ནང་གི“མཁས་པ་རྩད་ཅིང་མ་དྲིས་པ། དེ་ཡི་བར་དུ་གཏིང་མི་དཔོགས། རྔ་ལ་དབྱུག་གུས་མ་བསྣུན་ན། དེ་སྲིད་གཞན་དང་ཁྱད་ཅི་ཡོད”ཅེས་པ་ལྟ་བུའི་ནང་གི་དཔོགས་ནི་འཇལ་བའམ་རྟོགས་པར་བྱེད་པའི་དོན་ཏེ། དཔོག་མི་ཐུབ། མ་དཔགས་ལྟ་བུ་དང་། བསྣུན་ནི་རྡེག་པའམ་རྒྱག་པའི་དོན་ཏེ། རྐང་པས་བསྣུན་པ་ལྟ་བུ་དང་། མཁས་དབང་ཆེན་མོ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི《ཤིང་གི་བསྟན་བཅོས》ནང་གི“རང་བཞིན་ངན་པ་བཅོས་ནའང་། རྐྱེན་དང་འཕྲད་ཚེ་རང་བཞིན་འདོན། ཀླད་ཆུང་རང་གཤིས་ངན་པ་ལ། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས”ཞེས་པ་ལྟ་བུའི་ནང་གི་ཀླད་ཆུང་ནི་བློ་རྒྱ་ཆུང་ཆུང་ངམ་ཅོལ་ཆུང་གི་དོན་ལ་གོ་བར་བྱ་བ་ཡིན་ཞིང་། མི་ཀླད་ཆུང་སྟེ་མི་བློ་རྒྱ་ཆུང་ཆུང་ངམ་སྙིང་སྟོབས་མེད་པ་ཞིག་ལ་བརྗོད་ཀྱི་ཡོད་པ་དང་། ཡང《ཤིང་གི་བསྟན་བཅོས》ནང“དོན་མེད་འཆོལ་བའི་གཏམ་མང་བའི། མི་དེ་ཀུན་ལ་ངོ་ཐང་ཆུང་། མི་ངན་བྱས་པ་ཆུང་ན་ཡང་། དྲིན་ཆེའི་ཡུས་ཀྱིས་རྣ་བ་འགེངས”ལྟ་བུའི་ནང་གི་འཆོལ་གཏམ་ནི་དོན་མེད་དམ་ཆོ་མེད་པའི་སྐད་ཆར་གོ་བ་དང་། ངོ་ཐང་ནི་ངོ་སོ། ཡུས་ནི་བྱས་དྲིན་ཤོད་པའི་དོན་ཏེ། སྡུག་ཡུས་དང་ལས་ཡུས་ལྟ་བུ་དང་། ཡང་ཁོང་གིས་མཛད་པའི་ཆུའི་བསྟན་བཅོས་ནང་གི“དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན། བྱ་བ་གང་ཡང་དཀའ་བ་མེད”ཞེས་པའི“དཀའ”ལྟ་བུར་ཐོག་མར“དཀའ”ཞེས་པ་ནི་ལས་སླ་པོ་མ་ཡིན་པ་ཁག་པོ་ཡོད་པའི་དོན་ཡིན་ཞེས་འགྲེལ་བཤད་དང་ཆབས་ཅིག་དཀའ་བ། དཀའ་ངལ། དཀའ་ལས། དཀའ་སྡུག དཀའ་སྤྱད་སོགས་ཚིག་གྲོགས་གང་མང་སྦྱར་ན་གཅིག་ནས་སློབ་མའི་ཤེས་རྒྱ་ཡངས་སུ་འགྲོ་ཐུབ་ལ་གཉིས་ནས་སློབ་མས་གནས་ལུགས་མང་དག་ཅིག་ཀྱང་ཤེས་ཐུབ་པ་མ་ཟད། སློབ་མས་བག་ཡངས་པོའི་སྒོ་ནས་དག་ཆ་འབོར་ཆེན་ཞིག་དང་མིང་ཚིག་གསར་པ་མང་པོ་ཞིག་ངེས་རྒྱུར་དམིགས་བསལ་ནུས་པ་ཐོན་ངེས་ཡིན།
གཉིས་པ། མིང་ཚིག་སློབ་ཁྲིད་དང་སློབ་མའི་རྩོམ་རྩལ་དབར་འབྲེལ་བ་དམ་ཟབ་ཡོད།
རྩོམ་ཡིག་འབྲི་སྦྱོང་བྱ་རྒྱུ་ནི་སློབ་འབྲིང་སྐད་ཡིག་སློབ་ཚན་ནང་གལ་ཆེ་ཤོས་ཀྱི་ནང་དོན་ཞིག་ཡིན་ནའང་རྒྱུན་དུ་བོད་ཡིག་དགེ་རྒན་འགའ་རེས་སློབ་མའི་ཆེས་རྨང་གཞིར་གྱུར་པའི་སྡེབ་སྦྱོར་གྱི་བྱང་ཚད་མཐོ་དམན་ལ་མ་བསྟུན་པར་ལམ་སེང་སྒྱུ་རྩལ་གྱི་ཚད་གཞི་མཐོ་བའི་རྩོམ་ཡིག་འབྲི་ཐུབ་རྒྱུའི་རེ་བ་འདོན་གྱི་ཡོད་པས། སློབ་མ་མང་པོ་ཞིག་རྩོམ་ཡིག་འབྲི་ཤེས་རྒྱུ་ལྟ་ཞོག་ཐ་ན་སྐད་ཆ་འཇུག་པོ་ཞིག་ཀྱང་འབྲི་མི་ཐུབ་པར་གྱུར་གྱི་ཡོད།
དེར་བརྟེན་དགེ་རྒན་གྱིས་རྩོམ་ཡིག་སློབ་ཁྲིད་བྱེད་སྐབས། མིང་ཚིག་ལ་སྣང་ཆུང་མ་བྱས་པར་མུ་མཐུད་དེའི་ཕན་ནུས་འདོན་སྤེལ་གྱིས་སློབ་མའི་སྡེབ་སྦྱོར་གྱི་བྱང་ཚད་མཐོ་རུ་གཏོང་ཐབས་བྱེད་དགོས། དཔེར་ན། ལོ་རིམ་བདུན་པའི་སྟོད་ཆའི་ནང་ཡོད་པའི་མིང་ཚིག“བསླུས”ལྟ་བུ་ཐོན་སྐབས། ཐོག་མར་དགེ་རྒན་གྱིས“གཡོ་སྒྱུ་དང་རྫུན་གཏམ་གྱིས་མགོ་སྐོར་བཏང་བའི་དོན”ཞེས་འགྲེལ་བཤད་དང་དེ་རྗེས་རྒྱུན་དུ་འཚོ་བའི་ནང་བརྗོད་པའི“ཁ་བསླུས་བརྒྱབ”“སྐད་ཆ་སྙན་པོས་བསླུས”ལྟ་བུ་གོ་བདེ་ལ་འདྲིས་ཆེ་བའི་སྐད་ཆའི་ཐོག་ནས་ངོ་སྤྲོད་དང་ཆབས་ཅིག་སློབ་ཚན་ནང་གི་གོང་འོག་གི་སྐད་ཆ་དང་འབྲེལ་ནས་འགྲེལ་བཤད་རྒྱག་དགོས། དེ་རྗེས་སློབ་མ་སོ་སོར་བརྗོད་པ་གང་མང་བཟོ་རུ་འཇུག་པ་དང་། བརྗོད་པ་བདེ་པོ་ཞིག་བཟོ་ཤེས་ན་གཞི་ནས་རྩོམ་ཡིག་ནང་བེད་སྤྱོད་བྱ་དགོས་པའི་དྲན་སྐུལ་བྱེད་དགོས། དེ་ལྟར་གོམས་འདྲིས་ནན་པོ་བྱུང་ཚེ་མིང་ཚིག་དེ་ཚོ་སློབ་མའི་ཡིད་ལ་བག་ཆགས་ཟབ་མོ་ཡོང་ངེས་ལ། དུས་ཚོད་གང་འཚམ་སོང་རྗེས་མིང་ཚིག་མང་པོ་གསོག་འཇོག་ཐུབ་ནས་སློབ་མའི་སྡེབ་སྦྱོར་གྱི་ཆུ་ཚད་མི་མངོན་པའི་ངང་གོང་མཐོར་འགྲོ་ཐུབ་པ་མ་ཟད། དུས་ཡུན་རིང་པོའི་ནང་སྦྱོང་བརྡར་དཔྱིས་ཕྱིན་པ་ཐེབས་ནས་དལ་བུར་སྒྱུ་རྩལ་གྱི་ཚད་གཞི་མཐོ་བའི་རྩོམ་ཡིག་འབྲི་ཐུབ་ངེས།
མདོར་ན། ངེད་ཚོས་རྒྱུན་དུ་སློབ་ཁྲིད་སྐབས་མིང་ཚིག་སྣང་ཆུང་དུ་གཏོང་བའི་གོམས་སྲོལ་ངན་པ་དེ་སྤང་ནས་རྩོམ་ཡིག་སློབ་ཚན་ནང་གི་མིང་ཚིག་འཆད་ཁྲིད་ནན་པོ་བྱ་རྒྱུ་ནི་སློབ་ཁྲིད་ཧྲིལ་པོའི་གལ་ཆེའི་གྲུབ་ཆ་ཡིན་པའི་རྩ་དོན་ཞིག་ཡིད་ལ་ངེས་ནས་སློབ་ཁྲིད་རྒྱུན་འཁྱོངས་བྱས་ནས་མིང་ཚིག་རེ་རེ་བཞིན་འགྲེལ་བཤད་ནན་པོ་བྱས་ན་ཆུ་ཐིགས་བསགས་ནས་རྒྱ་མཚོ་དང་སྣོད་སྟོང་འོ་མས་བསྐངས་བའི་དཔེ་བཞིན། སློབ་མའི་མིང་ཚིག་ཙམ་མ་ཟད། ཕྱོགས་མང་པོའི་ཤེས་ཚད་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པ་སྨོས་མ་དགོས་སོ།