དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་ཙཱའི་བྱ་གཞག་གིས་འཛམ་གླིང་ཤར་ནུབ་གཉིས་ཀྱི་རིག་གནས་འཕེལ་རྒྱས་ལ་ནུས་པ་གང་འདྲ་ཐོན་ཡོད་པའི་སྐོར་ཅུང་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-02

    ལོ་ཙཱ་ནི་མིའི་རིགས་ཀྱི་བསམ་བློ་དང་རིག་གནས་མི་འདྲ་བ་ཕན་ཚུན་བརྗེ་རེས་བྱེད་པའི་འབྲེལ་གཏུག་གི་བྱེད་སྒོ་གལ་ཆེན་ཞིག་ཡིན། འཛམ་གླིང་ཐོག་སྔར་ནས་ད་བར་མི་རིགས་དང་རྒྱལ་ཁབ་གཞན་དང་འབྲེལ་བ་གཏན་ནས་མ་བྱུང་བའི་ཁེར་རྐྱང་གི་མི་རིགས་དང་རྒྱལ་ཁབ་གཅིག་གཏན་ནས་བྱུང་མྱོང་མེད་ལ་འབྱུང་ཡང་མི་སྲིད་པ་ཞིག་རེད། དེ་བཞིན་དུ་ཕྱི་ཕྱོགས་ཀྱི་ཤེས་བྱ་རིག་གནས་གང་ལ་ཡང་མ་བརྟེན་པར་ས་སྐྱེས་རྡོ་སྐྱེས་ཀྱི་ཤེས་རིག་རྐྱང་པས་འཛམ་གླིང་ཤེས་རིག་གི་ཡང་རྩེར་སོན་པའི་རྒྱལ་ཁབ་དང་མི་རིགས་ཤིག་གཏན་ནས་མེད། འཛམ་གླིང་ཐོག་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་། རང་གི་ཤེས་རིག་གསར་གཏོད་དང་ཁྱབ་སྤེལ་བྱེད་པའི་ལོ་རྒྱུས་ཡོད་ལ། མི་རིགས་དང་རྒྱལ་ཁབ་གཞན་པའི་ཤེས་རིག་སློབ་སྦྱོང་དང་བསྡུ་ལེན་བྱེད་པའི་ལོ་རྒྱུས་ཀྱང་ཡོད། ལོ་ཙཱའི་ཐབས་ལམ་བརྒྱུད་ནས་མིའི་རིགས་ཀྱིས་རང་གིས་གསར་གཏོད་བྱས་པའི་ཤེས་རིག་གི་གྲུབ་འབྲས་ཕན་ཚུན་སྤེལ་རེས་བྱེད་ཐུབ་པ་རེད། དེར་བརྟེན་ལོ་ཙཱའི་ལས་དོན་གཉེར་མཁན་ལ་ལེགས་སྦྱར་སྐད་དུ་ལོ་ཙཱ་བ་ཞེས་འབོད་ཀྱི་ཡོད་པ་དང་། དེའི་གོ་དོན་ནི་འཇིག་རྟེན་མིག་ཅེས་བྱ་བ་ཡིན། ལོ་ཙཱའི་བྱ་བ་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཕན་ཚུན་འབྲེལ་མེད་རང་ཚུགས་དང་ཕྱི་བཀག་ནང་སྡོམ་གྱི་རྣམ་པ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཇེ་ཟབ་ཏུ་འགྱུར་བ་དང་། བསམ་བློ་དང་རིག་གནས་རྗེས་ལུས་གུ་དོག་ཡིན་པ་ནས་སྔོན་ཐོན་ཁོང་ཡངས་ཀྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་རེད། ང་ཚོས་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་འཕེལ་རིམ་ལ་བལྟས་ན་གསལ་པོར་མཐོང་ཐུབ་པ་ཞིག་ནི། ཧ་ལམ་མི་རིགས་སམ་ཡང་ན་རྒྱལ་ཁབ་དང་ས་གནས་ཤིག་གི་ཤེས་རིག་རྩ་བ་རྒྱས་པ་ནས་བཟུང་དེ་དག་གི་ལོ་ཙཱའི་ལོ་རྒྱུས་ཀྱི་མྱུ་གུ་ཡང་མཉམ་དུ་འགོ་འབུས་ཟིན་པ་རེད། དེར་བརྟེན་འཛམ་གླིང་ཤར་ནུབ་ཤེས་རིག་གི་འཕེལ་རིམ་གང་ལ་བལྟས་ཀྱང་དེ་དག་གི་ཁྲོད་དུ་ལོ་ཙཱའི་བྱ་བས་བསུབ་ཐབས་བྲལ་བའི་ནུས་པ་བཏོན་ཡོད་པ་རེད།

    གཅིག ལོ་ཙཱའི་བྱ་གཞག་གིས་ནུབ་ཕྱོགས་ཤེས་རིག་འཕེལ་རིམ་ཁྲོད་དུ་ཐོན་པའི་ནུས་པ།

    ང་ཚོས་མིག་རྒྱང་དེ་འཛམ་གླིང་ས་གཞི་རིལ་མོའི་ནུབ་ཕྱོགས་སུ་འཕངས་ན། ནུབ་ཕྱོགས་ཡོ་རོབ་ཀྱི་ཡུལ་གྲུར་ལོ་ཙཱའི་ལག་ལེན་གྱི་ལོ་རྒྱུས་ཧ་ཅང་རིང་པོ་ལྡན་པ་སྟེ། ནུབ་ཕྱོགས་ཀྱི་ཤེས་རིག་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པའི་སྐྱེ་བོ་འགའ་ཞིག་གིས་ནུབ་ཕྱོགས་ཡོ་རོབ་ཀྱི་ཡུལ་གྲུའི་ཤེས་རིག་ནི་ལོ་ཙཱའི་བྱེད་ལས་ཀྱི་འབྲས་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གནའ་བོའི་རོ་མ་གོང་མའི་རྒྱལ་ཁབ་ནས་དུས་ཕྱིས་ཀྱི་ཡོ་རོབ་མཉམ་མནའ་་མཐུན་ཁྲོམ་རའི་བར་དུ་རྒྱལ་སྤྱིའི་ཉོ་ཚོང་གི་བྱ་བ་མཐའ་དག་ལོ་ཙཱའི་བྱེད་ལས་དང་ཁ་འབྲལ་ཐབས་མེད་ལ། ནུབ་ཕྱོགས་པའི་མཁས་དབང་འགའ་ཞིག་གིས་གསུངས་པ་ལྟར་གལ་ཏེ་གནའ་བོའི་ཞི་པོ་ལའེ་སྐད་ཡིག་གི་ཐོག་ནས་བརྩམས་པའི《དམ་པའི་གསུང་རབ་ཀྱི་སྡོམ་ཁྲིམས་རྙིང་མ》 དང་། ཀེ་རི་སེའི་ཡི་གེར་བྲིས་པའི《དམ་པའི་གསུང་རབ་ཀྱི་སྡོམ་ཁྲིམས་གསར་མ》གཉིས་ཐོག་མར་ཀེ་རི་སེ་དང་ལ་ཏིན་གྱི་སྐད་དང་ཡི་གེར་བསྒྱུར་བ་དང་། དེ་ནས་ཕྱིས་སུ་དུས་རབས་བར་མ་དང་ཉེ་རབས་ཀྱི་སྐད་དང་ཡིག་རིགས་མང་པོ་ཞིག་ལ་ཡིག་སྒྱུར་བྱས་མེད་པའི་དབང་དུ་བཏང་ན། ལོ་ངོ་ཉིས་སྟོང་ལྷག་གི་ཡ་ཧུ་ད་པའི་ཡེ་ཤུའི་ཆོས་ལུགས་དང་རིག་གནས་འབྱུང་མི་སྲིད་ལ། ད་ལྟའི་ཡོ་རོབ་ཀྱི་ཡུལ་གྲུའི་ཤེས་རིག་ཀྱང་དེ་བས་འབྱུང་མི་སྲིད་པ་ཞིག་རེད། དོན་དངོས་ཐོག་《དམ་པའི་གསུང་རབ》ལོ་ཙཱ་བྱས་པ་ནས་འགོ་ཚུགས་ཏེ་ལོ་ཉིས་སྟོང་ཙམ་གྱི་དུས་ཚོད་ནང་ནུབ་ཕྱོགས་ཡོ་རོབ་གླིང་དུ་ལོ་ཙཱའི་བྱ་གཞག་མཚམས་འཇོག་མྱོང་མེད་པ་དང་། 《དམ་པའི་གསུང་རབ》ལོ་ཙཱ་བྱས་པ་ལ་བརྟེན་ནས་རྒྱལ་ཁབ་མང་པོ་ཞིག་གི་སྐད་དང་ཡི་གེའི་རྨང་གཞི་བཏིངས་ཡོད་པ་རེད། གནའ་རབས་ཀྱི་ཀེ་རི་སེ་དང་ལཱ་ཏན་གྱི་རྩོམ་རིག་དང་། ཧོ་མའི་ལོ་རྒྱུས་སྙན་ངག དེ་བཞིན་ཀེ་རི་སེའི་སྐྱོ་གར་དང་སྙན་རྩོམ་ལ་སོགས་པའི་བརྩམས་ཆོས་དག་ཀྱང་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་སྐད་དང་ཡི་གེར་ཐེངས་མང་དུ་བསྒྱུར་བ་དང་། གནའ་བོའི་ཀེ་རི་སེའི་རིག་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་ཐད་ཨ་རབ་ཀྱི་ལོ་ཙཱ་བས་བྱས་རྗེས་ཆེན་པོ་བཞག་ཡོད། གཞན་ཡང་གནའ་རབས་དང་ཉེ་རབས་སུ་ཡོ་རོབ་རྒྱལ་ཁབ་ཁག་གི་གྲགས་ཅན་རྩོམ་པ་པོ། དཔེར་ན། ཧྲ་ཧྲི་པི་ཡ། ཀོ་ཏེ། སེ་ཝན་ཐི་སི། ཨན་ཐུའུ་ཧྲེང་། ཐུའོ་ཨེར་སི་ཐའེ་སོགས་ཀྱི་བརྩམས་ཆོས་ཀྱང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་གི་སྐད་དང་ཡི་གེར་བསྒྱུར་ཞིང་། ཤར་ཕྱོགས་རྩོམ་རིག་གི་ཕྱོགས་ནས། ཨ་རབ་ཀྱི་《མཚན་ཞག་སྟོང》དང་། རི་པིན་གྱི་ནུས་ཇུའི་ཟློས་གར། ཀྲུང་གོའི་བརྩམས་སྒྲུང་སྙན་ངག་དང་། རྒྱ་གར་གྱི《གཏམ་རྒྱུད་རྒྱ་མཚོ》སོགས་བརྩམས་ཆོས་མང་པོ་ཞིག་ཡོ་རོབ་ཀྱི་སྐད་དུ་བསྒྱུར་བ་དང་། ད་དུང་རྒྱ་གར་གྱི《བམ་པོ་ལྔ་པ》བྱ་བ་དེ་གནའ་བོའི་ཏ་ཟིག་དང་ཨ་རབ་ཀྱི་ཡི་གེར་བསྒྱུར་བ་དང་། དེ་ནས་སྒྱུར་ཡིག་དེ་དག་ཡོ་རོབ་ཀྱི་ཡིག་རིགས་སྣ་ཚོགས་ལ་ཡང་ནས་ཡང་དུ་བསྒྱུར་བས། ཡོ་རོབ་ཀྱི་ཤེས་རིག་འཕེལ་རྒྱས་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

    མདོར་ན་དེང་རབས་ཀྱི་འཛམ་གླིང་ནུབ་ཕྱོགས་ཀྱི་ཤེས་རིག་ནི་གནའ་བོའི་ཀེ་རི་སེའི་རོ་མའི་ཤེས་རིག་དེ་དུས་རབས་བར་མའི་ཡེ་ཤུའི་ཆོས་ལུགས་བརྒྱུད་རྗེས་ཉེ་རབས་ཀྱི་བཟོ་ལས་ཤེས་རིག་གི་དཔལ་ཡོན་གྱི་དུས་སྐབས་སུ་རང་རྐྱ་འཕེར་བའི་སྒོ་ནས་འཕེལ་རྒྱས་དང་འཕོ་འགྱུར་ཕྱིན་ནས་བྱུང་བ་ཞིག་ཡིན་ལ། ཀེ་རི་སེའི་ཤེས་རིག་དང་རོ་མའི་ཤེས་རིག་གཉིས་ལྷན་ཅིག་ཏུ་གནའ་རབས་ནུབ་ཕྱོགས་ཀྱི་ཤེས་རིག་གི་དཔལ་ཡོན་གྲུབ་པ་དང་། ཀེ་རི་སེའི་ཤེས་རིག་ནི་ནུབ་ཕྱོགས་ཀྱི་ཤེས་རིག་གི་འབྱུང་ཁུངས་ཡིན་ལ། རོ་མ་ནི་ཀེ་རི་སེའི་ཤེས་རིག་གི་རྒྱུན་འཛིན་པ་དང་གནའ་རབས་ནུབ་ཕྱོགས་པའི་ཤེས་རིག་གི་ཁ་ལོ་བསྒྱུར་མཁན་ཞིག་ཡིན། དེའི་ཕྱིར་ལོ་ཙཱའི་བྱ་གཞག་གིས་དེང་རབས་ནུབ་ཕྱོགས་ཀྱི་ཤེས་རིག་གསར་དུ་སྦྲུམ་པ་དང་འཕེལ་རྒྱས་འགྲོ་བར་ནུས་པ་བླ་ན་མེད་པ་ཐོན་ཡོད་པ་མ་ཟད། གལ་སྲིད་ལོ་ཙཱའི་བྱ་གཞག་མེད་ན་དེང་རབས་ནུབ་ཕྱོགས་ཀྱི་ཤེས་རིག་ཀྱང་གླེང་ཐབས་བྲལ་བ་རེད་ཅེས་བཤད་ཆོག

    གཉིས། ལོ་ཙཱའི་བྱ་གཞག་གིས་ཀྲུང་གོའི་ཤེས་རིག་ལ་ཕུལ་བའི་ལེགས་སྐྱེས།

    ལོ་ངོ་5000 ལྷག་ཙམ་གྱི་ཤེས་རིག་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་ས་གཞི་ཆེན་པོར་གནའ་བོ་སྐལ་པ་ཡ་ཐོག་གི་རྒྱལ་པོ་གསུམ་གྱི་དུས་ནས་ལོ་ཙཱའི་ལག་ལེན་གྱི་ལོ་རྒྱུས་ཐོན་ཡོད་པར་བཤད་པ་དང་། ཀྲུང་གོའི་གནའ་དེང་དུས་རབས་ཀྱི་དབྱེ་མཚམས་སུ་གྱུར་པའི“ལྔ་བཞིའི་ལས་འགུལ”གྱི་གོང་དུ་ཀྲུང་གོའི་ལོ་ཙཱའི་ལོ་རྒྱུས་ཐོག་མཐོ་རླབས་ཐེངས་གསུམ་ཙམ་འཕྱུར་མྱོང་བ་སྟེ། ལོ་ཙཱའི་མཐོ་རླབས་ཐེངས་རེ་རེས་ཀྲུང་གོའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་དང་ཚན་རྩལ་འཕེལ་རྒྱས་ སོགས་ཕྱོགས་གང་ཅིའི་ཐད་ནུས་པ་ཆེན་པོ་ཐོན་ཡོད།

    དེའང་ཀྲུང་གོའི་ལོ་ཙཱའི་བྱ་གཞག་གི་མཐོ་རླབས་ཐེངས་དང་པོ་ནི་ཧན་རྒྱལ་རབས་ཤར་མ་ནས་ཐང་སུང་རྒྱལ་རབས་སྐབས་སུ་ནང་བསྟན་ཆོས་ལུགས་ཀྱི་དཔེ་ཆ་གང་མང་ཞིག་རྒྱ་གར་སྐད་ནས་རྒྱའི་སྐད་ཡིག་ཏུ་བསྒྱུར་བའི་ལོ་ཙཱའི་མཐོ་རླབས་དེ་ཡིན་པ་དང་། ནང་བསྟན་ཆོས་ལུགས་ནི་གནའ་དུས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཏུ་ཁྱབ་སྤེལ་བྱེད་པའི་འགོ་ཚུགས་པ་དང་ཧན་རྒྱལ་རབས་ཤར་མའི་དུས་སུ་རང་རྒྱལ་དུ་དར་བ་རེད། དུས་དེ་ནས་བཟུང་སྟེ་ལོ་ངོ་ཆིག་སྟོང་ལྷག་གི་རིང་ནང་བསྟན་གྱི་ཆོས་དཔེ་ཆིག་སྟོང་ལྔ་བརྒྱ་ལྷག་རྒྱ་ཡིག་ཏུ་བསྒྱུར་བ་དང་མཐར་སངས་རྒྱས་པ་དང་རྒྱལ་ནང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རུའུ་ཅཱ་ལུགས་ཀྱི་བསམ་བློ་གཉིས་་མཉམ་དུ་འདྲེས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཤ་རྐང་རུས་གསུམ་གྱི་གྲུབ་ཆ་གཙོ་བོར་གྱུར་པའི་སྲོལ་རྒྱུན་རིག་གནས་དང་འཛམ་གླིང་ཤར་ཕྱོགས་ཀྱི་ཤེས་རིག་གི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།

    ལོ་ཙཱའི་མཐོ་རླབས་གཉིས་པ་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིན་རྒྱལ་རབས་ཀྱི་དུས་མགོའི་ཚན་རིག་ལག་རྩལ་གྱི་ཤེས་བྱ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱལ་ནང་དུ་བསྒྱུར་བར་བྱེད་པའི་ལོ་ཙཱའི་དུས་སྐབས་དེ་ཡིན་པ་སྟེ། དུས་སྐབས་དེར་ཡོ་རོབ་ཀྱི་ཆོས་ལུགས་དང་། མཚན་ཉིད་རིག་པ། ཚན་རིག་ལག་རྩལ། རྩོམ་རིག་སོགས་ནུབ་ཕྱོགས་པའི་ཤེས་རིག་ཁག་ལོ་ཙཱའི་ཐབས་ལམ་བརྒྱུད་ནས་ཀྲུང་གོར་ངོ་སྤྲོད་བྱས་པ་དེས་རྒྱལ་དམངས་ཀྱི་བསམ་བློར་འཕོ་འགྱུར་ཆེན་པོ་བྱུང་བ་མ་ཟད། ཚན་རིག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་བ་དང་། ཀྲུང་གོའི་ཤེས་རིག་གི་ལོ་རྒྱུས་དེ་ས་ཞིང་རྨོ་འདེབས་ཀྱི་ཤེས་རིག་ནས་དེང་རབས་ཤེས་རིག་གི་ཕྱོགས་སུ་གོམ་སྟབས་ཆེན་པོ་ཞིག་སྤོ་བར་ནུས་པ་ཆེན་པོ་ཐོན་ཡོད།

    ཀྲུང་གོའི་ལོ་ཙཱའི་ལོ་རྒྱུས་ཀྱི་མཐོ་རླབས་གསུམ་པ་ནི་ཉལ་ཐའི་དམག་འཁྲུག་གི་རྗེས་ནས“ལྔ་བཞིའི་ལས་འགུལ”གོང་གི་ནུབ་ཕྱོགས་ཀྱི་ཆབ་སྲིད་བསམ་བློ་དང་རྩོམ་རིག་སྐོར་རྒྱལ་ནང་དུ་བསྒྱུར་བའི་ལོ་ཙཱའི་དུས་སྐབས་དེ་ཡིན་ཞིང་། ཉལ་ཐའི་དམག་འཁྲུག་གི་རྗེས་སུ་ཆིང་གོང་མའི་སྲིད་གཞུང་གིས་ཕུལ་དུ་བྱུང་བའི་ལོ་ཙཱ་བ་མང་པོ་ཞིག་སྒྲིག་འཛུགས་བྱས་ནས། ནུབ་ཕྱོགས་པའི་རང་བྱུང་ཚན་རིག་གི་འབྲེལ་ཡོད་དཔེ་དེབ་ཁག་རྒྱའི་སྐད་ཡིག་ཐོག་བསྒྱུར་བ་དང་། གསར་གཏོད་དང་གསར་བཅོས་གཙོ་བཟུང་གི་བསམ་བློའི་ཤུགས་རྐྱེན་ཐེབས་ནས་ནུབ་ཕྱོགས་ཀྱི་ཆབ་སྲིད་བསམ་བློ་དང་ཚན་རིག་གི་ཐབས་ལམ་ངོ་སྤྲོད་བྱེད་པའི་སྒྱུར་རྩོམ་དང་དེ་བཞིན་རྒྱ་ཡི་ལོ་ཙཱ་བ་གྲགས་ཅན་ཡན་ཧྥུ་ཡིས་བསྒྱུར་བའི《གཏན་ཚིགས་རིགས་པ》དང《སྔ་ཕྱུག》 《བཅའ་ཁྲིམས་གྱི་ཀུན་གཞི》དང《སྤྱི་ཚོགས་ཀུན་འདུས》སོགས་རྩོམ་རིག་གི་བརྩམས་ཆོས་གྲགས་ཅན་གྱི་སྒྱུར་རྩོམ་ཇི་སྙེད་ཅིག་དཔེ་སྐྲུན་བྱས་པ་དང་། ཁོང་གི་བསྒྱུར་རྩོམ་དེ་དག་གིས་རང་རྒྱལ་དུ“རིག་གནས་གསར་པ”འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཞིང་། དམངས་ཀྱི་བློ་གྲོས་ཀྱི་སྒོ་མོ་གསར་དུ་འབྱེད་པའི་ནུས་པ་གང་ལེགས་ཐོན་ཡོད་པ་རེད། དེ་དང་ཆབས་ཅིག་ཁོང་གིས་བཏོན་པའི“བརྗོད་དོན་མི་འགྱུར། ཚིག་གི་སྡེབ་སྦྱོར་ལེགས། སྙན་ངག་རྒྱན་དང་ལྡན་པ”ཞེས་པའི་ལོ་ཙཱའི་ཚད་གཞི་གཏན་ལ་འབེབས་པ་དེས་ཡིག་བསྒྱུར་གྱི་རིག་གཞུང་འཕེལ་རྒྱས་འགྲོ་བར་ནུས་པ་ཆེན་པོ་ཐོན་པ་དང་། ད་ལྟའི་དུས་སུའང་ལོ་ཙཱའི་ཁྱབ་ཁོངས་ཐོག་ཁས་ལེན་དང་གདེང་འཇོག་བྱེད་བཞིན་ཡོད་པ་རེད། ལྔ་བཞིའི་ལས་འགུལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་ཚོད་རིང་རང་རྒྱལ་གྱི་ལོ་ཙཱའི་བྱ་གཞག་གིས་མར་ལེ་རིང་ལུགས་ཀྱི་བསམ་བློ་དང་འཛམ་གླིང་གི་རྩོམ་རིག་རྒྱལ་ནང་དུ་ཁྱབ་སྤེལ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ལྷག་པར་དུ་ཕལ་སྐད་ཀྱིས་སྐད་བརྡ་རྙིང་པའི་ཚབ་བྱས་པའི་དབང་གིས་གོ་བདེ་ཤེས་སླ་བའི་མང་ཚོགས་རང་བཞིན་གྱི་སྐད་བརྡས་ཤར་ཕྱོགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བ་མ་ཟད། སྐད་བརྡ་གསར་པའི་ཀློག་པ་པོ་ཧ་ཅང་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་པ་དང་། ལུའུ་ཞུན་དང་། ཆུས་ཆིའུ་པའེ། ཀྲེང་ཀྲེན་ཏུའོ། མའོ་ཏུན། ཀུའོ་མོ་རུའོ། ཁྲེང་ཧྥང་ཝུའུ། ལིན་ཡུས་ཐང་། ཀྲུའུ་ཧྲིང་ཧའོ། ཨའེ་སི་ཆི་སོགས་མཁས་དབང་མང་པོས་དཀའ་སྤྱད་འབད་བརྩོན་གནང་སྟེ་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་འབོར་ཆེན་ཞིག་ལ་ལོ་ཙཱའི་རིག་གཞུང་ཐོག་ནས་ཉམས་ཞིབ་གཏིང་ཟབ་གནང་བ་མ་ཟད། ཞིབ་འཇུག་གི་ཁྱབ་ཁོངས་དེ་སྐད་བརྡ་རིག་པ་དང་མཚན་ཉིད་རིག་པ། མཛེས་ཆོས་རིག་པ། སེམས་ཁམས་རིག་པ་སོགས་ཁྱབ་ཁོངས་མང་པོར་རྒྱ་བསྐྱེད་དེ། རང་རྒྱལ་གྱི་ལོ་ཙཱ་རིགས་པའི་གཞུང་ལུགས་དེ་མ་ལག་ཅན་དང་ཚན་རིག་ཅན་དུ་འགྱུར་བར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད་པ་དང་། ཀྲུང་གོ་བའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་སོགས་ཕྱོགས་གང་ཐད་ནས་དེང་རབས་འཛམ་གླིང་གི་གོམ་འགྲོས་དང་མཐུན་པར་བྱ་བར་མཛད་རྗེས་གསུབ་ཏུ་མེད་པ་བཞག་ཡོད།

    དེའི་ཕྱིར། ལོ་ཙཱའི་བྱ་གཞག་གིས་མི་རིགས་ཕན་ཚུན་རིག་གནས་ལས་བརྒལ་བའི་འབྲེལ་གཏུག་མཐུན་འབྲེལ་བྱེད་སྒོ་ཞིག་ཡིན་པའི་ངོས་ནས་དར་རྒྱས་ཤིན་ཏུ་ཆེ་བའི་ནུབ་ཕྱོགས་ཀྱི་ཤེས་རིག་ཡིན་ནའང་འདྲ། ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་རིག་ཡིན་ནའང་འདྲ་དེ་དག་འཕེལ་རྒྱས་དང་གོང་འཕེལ་འགྲོ་བར་གཞལ་དུ་མེད་པའི་ལེགས་སྐྱེས་ཕུལ་ཡོད།

    (བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི་འཇམ་དཔལ་ཚེ་རིང)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།